ཕུའུ་ཅིན་གྱིས་ཨུ་རུ་སི་དང་ཡོ་ནན་གྱི་འབྲེལ་བར་འཐབ་ཇུས་རང་བཞིན་ལྡན་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཨུ་རུ་སི་དང་ཡོ་ནན་གྱི་ཕྱོགས་གཉིས་འབྲེལ་བར་འཐབ་ཇུས་རང་བཞིན་ལྡན་པ་དང་། རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་དང་ཆབ་སྲིད་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་རྒྱུ་ཡིན་ཟེར། 

ཕུའུ་ཅིན་གྱིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཡོ་ནན་གྱི་ཙུང་ལི་རོན་ཁྲོང་ཧྥུའུ་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཨུ་རུ་སི་དང་ཡོ་ནན་གྱི་འབྲེལ་བར་འཐབ་ཇུས་རང་བཞིན་ལྡན་པ་དང་། འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་དང་གནད་དོན་མང་བོའི་ཐད་ཀྱི་བསམ་འཆར་གཅིག་མཐུན་ཡིན་པའི་རྨང་གཞིའི་སྟེང་བཙུགས་ཡོད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་དང་ཡོ་ནན་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་རྒྱུན་ཆད་མེད་པར་ཇེ་མཐོར་སོང་ཡོད་ཅིང་། ཕྱོགས་གཉིས་ཀྱིས་དཔལ་འབྱོར་དང་ཆབ་སྲིད་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་སྤྱིའི་ལས་དོན་ཁྲོད་ལངས་ཕྱོགས་མཐུན་སྦྱོར་བྱེད་བཞིན་ཡོད། ཁོས་བསྟན་དོན། རོན་ཁྲོང་ཧྥུའུ་ཡི་ཐེངས་འདིའི་འཚམས་འདྲི་ལས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཐུབ་ཟེར། 

རོན་ཁྲོང་ཧྥུའུ་ཡིས་བསྟན་དོན། ཡོ་ནན་གྱིས་ཨུ་རུ་སིའི་བར་གྱི་དམིགས་བསལ་ལོ་རྒྱུས་སྦྲེལ་ཐག་དང་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཉེ་བའི་དུས་སྐབས་ཤིག་གི་ནང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་ཡིན་པ་དང་། ཡོ་ནན་དང་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་མཐུན་དངོས་འབེབ་བྱེད་པའི་བྱ་བ་སྤེལ་མགོ་བརྩམས། ན་ནིང་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ཀྱི་འཕར་ཚད་བརྒྱ་ཆའི་སུམ་ཅུ་ལས་བརྒལ་ཡོད་ཟེར། 

ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། རོན་ཁྲོང་ཧྥུའུ་ཡིས་ཚེས་ཉི་ཤུ་ཉིན་ནས་ཨུ་རུ་སི་ལ་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་རོན་ཁྲོང་ཧྥུའུ་ཡིས་ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་གཉིས་ཀྱིས་གྲོས་མོལ་བྱས་པ་རེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།