ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་ཀྱི་དཔོན་རིགས་ཀྱིས་གང་ནུས་ཀྱིས་མཚོ་ཁུགས་ས་ཁུལ་དུ་འཐབ་འཁྲུག་འབྱུང་བར་སྔོན་འགོག་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་པེད་ཨར་གྱིས་ཚེས་བཅུ་དགུའི་ཉིན་ལེ་ཡཱ་ཏི་ནས་བསྟན་དོན། སོ་ཏི་ཨ་རབ་ཀྱིས་འབད་བརྩོན་ཆེན་པོ་བྱས་ཏེ། མཚོ་ཁུགས་ས་ཁུལ་ནས་འཐབ་འཁྲུག་འབྱུང་བར་སྔོན་འགོག་བྱེད་རྒྱུ་ཡིན་ཡང་། གལ་ཏེ་འཇིགས་ཉེན་ཐེབས་ན། སོ་ཏི་ཨ་རབ་ཀྱིས་དུས་ངེས་མེད་དུ་ཕྱིར་རྒོལ་ལན་དྲག་པོ་སྤྲོད་པར་གྲ་སྒྲིག་བྱས་ཡོད་ཟེར། 

ཀྲུའུ་པེད་ཨར་གྱིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། སོ་ཏི་ཨ་རབ་ཀྱིས་རང་ས་ཁུལ་དུ་འཐབ་འཁྲུག་འབྱུང་བའི་རེ་བ་མེད་པ་དང་། ནུས་པ་ཡོད་ཚད་བཏོན་ནས་འཐབ་འཁྲུག་འབྱུང་བར་སྔོན་འགོག་བྱེད་རྒྱུ་ཡིན། གལ་ཏེ་ཕ་རོལ་བས་འཐབ་འཁྲུག་གདམ་གསེས་བྱས་ན། སོ་ཏི་ཨ་རབ་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཕྱིར་རྒོལ་ལན་སྤྲད་དེ་རང་ཉིད་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ངེས་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། སོ་ཏི་ཨ་རབ་ཀྱི་བདེ་འཇགས་དང་གཏན་འཇགས་ནི་མ་མཐའི་ཚད་ཐིག་ཡིན་པ་དང་། མི་སུ་དང་གང་གིས་རང་གི་བདེ་འཇགས་དང་གཏན་འཇགས་ལ་འཇིགས་ཉེན་བཟོ་མི་རུང་ཟེར། 

ཀྲུའུ་པེད་ཨར་གྱིས་ད་རུང་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་ཟླ་འདིའི་ཚེས་སུམ་ཅུའི་ཉིན་མེད་ཅཱ་ནས་སོ་སོར་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་དམིགས་བསལ་མཐོ་རིམ་གྲོས་ཚོགས་བསྡུ་རྒྱུ་ཡིན་པ་དང་། གྲོས་ཚོགས་ནས་དབྱི་ལིང་གི་བྱ་སྤྱོད་ལས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་ཐེབས་པའི་ཤུགས་རྐྱེན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། 

དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མཐོ་རིམ་དཔོན་པོའི་གྲོས་ཚོགས་ཚེས་སུམ་ཅུའི་ཉིན་མེད་ཅཱ་ནས་ཚོགས་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།