ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་མཚོ་དམག་གིས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་མཚོ་དམག་གིས་ཚེས་བཅུ་གསུམ་ཉིན་ནས་བཟུང་ཉེ་འགྲམ་གྱི་མཚོ་ཁོངས་སུ་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་ཏེ། རྒྱལ་ཁབ་རང་གིས་ཐོན་སྐྱེད་བྱས་པའི་མཚོན་ཆའི་མ་ལག་དང་སྒྲིག་ཆས་ལ་ཚོད་ལྟ་བྱས། 

ཐུར་ཁེའི་མཚོ་དམག་གིས་དྲ་ཚིགས་སུ་སྤེལ་བའི་གསལ་སྒྲོག་ལྟར་ན། དམག་དོན་སྦྱོང་བརྡར་དེ་ཚེས་བཅུ་གསུམ་ཉིན་ཐུར་ཁེའི་ལྷོ་ནུབ་ཕྱོགས་ཀྱི་མུའུ་ལཱ་ཞིང་ཆེན་དུ་སྤེལ་མགོ་བརྩམས་པ་དང་། ཐུར་ཁེའི་ཉེ་འཁོར་གྱི་ས་དཀྱིལ་མཚོ་ཁོངས་དང་། ཨེ་ཆིན་མཚོ། མཚོ་ནག་བཅས་ཀྱི་མཚོ་ཁོངས་སུ་ཁེབས་ཡོད་པ་རེད། ཐུར་ཁེའི་མཚོ་དམག་གིས་བསྡོམས་པས་དམག་གྲུ་བརྒྱ་དང་སོ་གཅིག་དང་འཐབ་འཛིང་གནམ་གྲུ་ང་བདུན། གྱེན་འཕུར་གནམ་གྲུ་སོ་གསུམ། དམག་མི་ཁྲི་གཉིས་དང་སྟོང་ལྔ་དགུ་བརྒྱ་བཅས་དམག་དོན་འགུལ་སྐྱོད་དེའི་ནང་ཞུགས་སུ་བཅུག་ཡོད་ལ། དམག་དོན་སྦྱོང་བརྡར་དེ་ཟླ་འདིའི་ཚེས་ཉེར་ལྔའི་ཉིན་བར་རྒྱུན་བསྲིང་རྒྱུ་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དམག་དོན་སྦྱོང་བརྡར་ལས་མཚོ་དམག་གི་མེ་སྒྱོགས་དང་འགོག་སྲུང་གྲུ་གཟིངས། ཆུ་འཛུལ་གྲུ་གཟིངས། མི་བསྡད་མེད་པའི་འཕུར་སྐྱོད་སྒྲིག་ཆས་སོགས་ལ་ཚོད་ལྟ་བྱེད་རྒྱུ་ཡིན་པ་དང་། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་གིས་དོན་དངོས་ཉམས་ཉེན་དང་འཐབ་འཁྲུག་ཁོར་ཡུག རང་བྱུང་གནོད་འཚེ་བཅས་གཞིར་བཟུང་ནས་ཐབས་ཇུས་དང་འཐབ་འཁྲུག་གི་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།