ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་གྱི་རྒྱལ་སྤྱིའི་རོགས་སྐྱོར་ལས་ཁུངས་ཤིག་ལ་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190509092338FXMS.jpg

ཟླ5བའི་ཚེས8ཉིན། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནས། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གི་དམག་མིས་འཇབ་རྒོལ་ཐེབས་པའི་ས་གནས་ཀྱི་ཉེ་འདབས་སུ་བཀག་སྡོམ་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་སྲིད་གཞུང་དཔོན་རིགས་ཀྱིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱིས་ཚེས་བརྒྱད་ཉིན་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་གྱི་རྒྱལ་སྤྱིའི་རོགས་སྐྱོར་ལས་ཁུངས་ཤིག་གི་ཐོག་ཁང་ཆེན་མོའི་ཕྱི་རོལ་ནས་རང་སྲོག་གཅོད་པའི་རླངས་འཁོར་འགས་གཏོར་འཇབ་རྒོལ་སྤེལ་ཏེ། ཉུང་མཐར་ཡང་འཇབ་རྒོལ་མཁན་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་ལ་རྨས་ཕོག་ཡོད་ཟེར། 

ཨ་ཧྥུའུ་ཧན་གྱི་སྤྱི་བའི་འཕྲོད་བསྟེན་པུའུ་ཡི་མགྲིན་ཚབ་པ་མཱ་ཡཱ་ཨར་གྱིས་བཤད་རྒྱུར། ཉིན་དེའི་སྔ་དྲོར་ཁཱ་པོར་གྲོང་ཁྱེར་ལྟེ་གནས་སུ་འགས་གཏོར་དོན་རྐྱེན་བྱུང་རྗེས། རྨས་མ་དགུ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

བསྒྲགས་པ་ལྟར་ན། ཐེངས་འདིའི་འཇབ་རྒོལ་གྱི་དམིགས་ཡུལ་ནི་རྒྱལ་སྤྱིའི་རོགས་སྐྱོར་རྩ་འཛུགས་ཞེས་པའི་ཨ་མེ་རི་ཁའི་རོགས་སྐྱོར་ལས་ཁུངས་ཤིག་ཡིན་པ་རེད་ཟེར། 

ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་འགས་གཏོར་བྱུང་སའི་ཡུལ་དངོས་ནས་འགད་རྫས་བཞག་ཡོད་པའི་རླངས་འཁོར་གཞན་ཞིག་རྩད་ཅོད་པ་དང་། འགད་རྫས་གཏོར་ལེན་ཚན་ཆུང་གིས་འགད་རྫས་གཏོར་ལེན་བྱེད་པར་བྲེལ་བཞིན་ཡོད། 

འཇབ་རྒོལ་དོན་རྐྱེན་བྱུང་རྗེས། མི་བརྒྱ་དང་ལྔ་བཅུ་ལྷག་འགས་གཏོར་བྱུང་སའི་ཉེ་འདབས་ཀྱི་གཞུང་སྒྲུབ་ཐོག་ཁང་དང་སྡོད་དམངས་ཀྱི་ཐོག་ཁང་ནས་ས་གནས་གཞན་དུ་བསྐྱལ། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་ཉེ་འཁོར་ས་ཁོངས་སུ་སྦས་སྐོང་བྱས་ཡོད་པའི་དྲག་ཆས་ཉེས་ཅན་སྔོག་བཤེར་བྱེད་བཞིན་ཡོད། 

ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དྲག་ཆས་པས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་ཡོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།