ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་མཁའ་དམག་གིས་དྲག་ཆས་ཉེས་ཅན་ཉི་ཤུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་མཁའ་དམག་གི་མགྲིན་ཚབ་པས་ཚེས་བདུན་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་མཁའ་དམག་གིས་ཉིན་དེའི་ཞོགས་པར་ནེ་ཀྲི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཀྲ་མུའུ་ཧྥ་ལཱ་ཀྲིག་ནས་སྤེལ་བའི་བར་སྣང་འཇབ་རྒོལ་འགུལ་སྐྱོད་ཅིག་ལས་དྲག་ཆས་རྩ་འཛུགས་ཀྱི་སྦས་སྐོང་བྱེད་ས་ཞིག་གཏོར་བ་དང་། དྲག་ཆས་ཉེས་ཅན་ཉི་ཤུ་བསད་ཟེར། 

མཁའ་དམག་གི་མགྲིན་ཚབ་པ་ཏཱ་ལཱ་མའོ་ལཱ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། མཁའ་དམག་གི་ཐེངས་འདིའི་འགུལ་སྐྱོད་ལ་གཞོགས་འདེགས་བྱེད་པའི་ས་ངོས་དམག་དཔུང་གིས་ད་རུང་དྲག་ཆས་རྩ་འཛུགས་དེའི་མགོ་བ་ཞིག་འཛིན་བཟུང་བྱས་ཡོད་ཟེར། 

ཏཱ་ལཱ་མའོ་ལཱ་ཡིས་བཤད་རྒྱུར། དམག་ཕྱོགས་ལ་བློ་གཏོད་རུང་བའི་གསང་འཕྲིན་འབྱོར་བ་ལྟར་ན། དྲག་ཆས་རྩ་འཛུགས་དེའི་མགོ་བ་དང་དྲག་ཆས་ཉེས་ཅན་བཅུ་ཕྲག་འགའ་ས་དེའི་ནགས་ཚལ་གྱི་ཉེ་འདབས་སུ་ཡོད་པའི་སྦས་སྐོང་བྱེད་ས་ཞིག་ཏུ་ཡོད་པ་དང་། གནས་དེ་མཁོ་སྒྲུབ་རྟེན་གཞི་དང་བཀོད་འདོམ་ལྟེ་གནས་སུ་བྱས་ཏེ། བདེ་འཇགས་དམག་དཔུང་དང་མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་བྱ་འགུལ་ཞིག་ལ་ཇུས་འགོད་བྱེད་བཞིན་ཡོད་པ་ཤེས། མཁའ་དམག་གིས་འཐབ་འཛིང་གནམ་གྲུ་དང་དྲག་ཆས་གྱེན་འཕུར་གནམ་གྲུ་མངག་སྟེ་ས་ངོས་དམག་དཔུང་གི་གཞོགས་འདེགས་འོག་སྦས་སྐོང་བྱེད་ས་དེར་དམག་དོན་ཆམ་ཕབ་བཏང་བ་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།