ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཕྱོགས་གཉིས་དང་རྒྱལ་སྤྱིའི་གནད་དོན་ཐད་ནས་ཁ་པར་གྲོས་མོལ་བྱས།

    སྤེལ་དུས། : 2019-05-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ཀྱིས་ཚེས་གསུམ་ཉིན་ཁ་པར་བཏང་སྟེ། ཕྱོགས་གཉིས་དང་རྒྱལ་སྤྱིའི་གནད་དོན་ཐད་ནས་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཕུའུ་ཅིན་གྱིས་ཉིན་དེར་དུས་བཅད་ལྟར་ཐི་ལིང་ཕུའུ་ལ་དུས་ཡུན་རིང་བོར་ཁ་པར་གྲོས་མོལ་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཕྱོགས་གཉིས་ཀྱི་འབྲེལ་བའི་ད་ལྟའི་གནས་ཚུལ་དང་མདུན་ལྗོངས་ཐད་ནས་གྲོས་མོལ་བྱས་པར་མ་ཟད། གཙོ་བོ་དཔལ་འབྱོར་མཉམ་ལས་ཐད་ནས་གྲོས་བསྡུར་བྱས། 

ཕྱོགས་གཉིས་ཀྱིས་གཉིས་ཕན་དཔལ་འབྱོར་ཉོ་ཚོང་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་པ་དང་། འཐབ་ཇུས་གཏན་འཇགས་དང་བཅས་པའི་གྲོས་གཞི་མང་བོར་གྲོས་བསྡུར་ཞིབ་ཏུ་བྱེད་འདོད་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕུའུ་ཅིན་གྱིས་ཐི་ལིང་ཕུའུ་ལ་ཁོ་དང་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གཉིས་ཀྱིས་ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན་ཧྥུའུ་ལཱ་ཏིས་བོ་སི་ཐའོ་ཁི་ནས་གྲོས་མོལ་བྱས་པའི་མཇུག་འབྲས་གཙོ་བོ་མཚམས་སྦྱོར་བྱས་པ་དང་། ཁྲའོ་ཞན་ཕྱོགས་ཀྱིས་ནན་ཏན་གྱིས་རང་གི་འགན་འཁྲི་ལག་བསྟར་བྱེད་བཞིན་ཡོད་པས། དེའི་བྱ་སྤྱོད་ལ་རྣམ་འགྱུར་བཟང་བོ་ཐོབ་དགོས་པ་དང་། ཁྲའོ་ཞན་གྱི་བཀག་སྡོམ་ཤུགས་ཚད་ཇེ་ཆུང་དུ་གཏོང་དགོས་པ་ནན་བཤད་བྱས། ཕྱོགས་གཉིས་ཀྱིས་བལྟས་ན། མིག་སྔའི་ལས་འགན་གཙོ་བོ་ནི་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བར་སྐུལ་འདེད་གཏོང་བ་དང་ཕྱེད་གླིང་གི་གནས་བབ་དུས་ཡུན་རིང་བོར་རྒྱུན་ལྡན་དུ་འགྱུར་བ་མངོན་འགྱུར་བྱེད་རྒྱུ་དེ་ཡིན་པར་འདོད། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས། ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། མེན་སི་ཁིའི་གྲོས་མཐུན་དེ་ཝུའུ་ཁི་ལན་རྒྱལ་ནང་གི་འགལ་བ་ཐག་གཅོད་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་དང་། ཝུའུ་ཁི་ལན་གྱི་མགོ་ཁྲིད་གསར་བ་དག་གིས་དོན་དངོས་བྱེད་ཐབས་སྤྱད་དེ་གྲོས་མཐུན་དེ་མངོན་འགྱུར་བྱེད་དགོས་ཟེར། 

ཝེ་ནེ་ཙུའེ་ལཱའི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱེད་སྐབས་ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ཝེ་ནེ་ཙུའེ་ལཱའི་མི་དམངས་ལ་རྒྱལ་ཁབ་རང་གི་མ་འོངས་པ་ཐག་གཅོད་བྱེད་པའི་དབང་ཆ་ཡོད་པ་དང་། ཕྱི་ཕྱོགས་ཀྱིས་རྒྱལ་ཁབ་དེའི་ནང་ཁུལ་ལས་དོན་ལ་ཐེ་གཏོགས་དང་བཙན་ཤེད་ཀྱིས་སྲིད་དབང་བརྗེ་སྤོར་བྱེད་འདོད་པའི་བྱ་སྤྱོད་དེས་ཆབ་སྲིད་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་མདུན་ལྗོངས་ལ་གཏོར་བརླག་ཐེབས་ངེས་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་རིམ་པ་སོ་སོ་ནས་མུ་མཐུད་དུ་འབྲེལ་འདྲིས་བྱེད་འདོད་ཡོད་ཟེར། རྒྱལ་ཁབ་གཉིས་ཀྱི་མགོ་གཙོ་ཉིན་དེའི་ཁ་པར་གྲོས་མོལ་ལ་ཡིད་ཚིམས་ཡོད་པ་དང་། གྲོས་མོལ་དེ་དོན་དངོས་དང་མཐུན་ཞིང་འཛུགས་སྐྲུན་རང་བཞིན་ལྡན་པར་འདོད་ཡོད་ཟེར། 

ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སིང་ཏི་སི་ཡིས་ཚེས་གསུམ་ཉིན་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་ཉིན་དེར་ཕུའུ་ཅིན་དང་མཉམ་དུ་དུས་ཚོད་གཅིག་ལྷག་ལ་ཁ་པར་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཝེ་ནེ་ཙུའེ་ལཱའི་གནས་བབ་དང་། དམག་མི་ཚོད་འཛིན། ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། ཐི་ལིང་ཕུའུ་ཡིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཁོ་དང་ཕུའུ་ཅིན་གྱི་གྲོས་མོལ་ལ་ཕན་འབྲས་ཆེན་པོ་ཐོབ་ཡོད་ཟེར། 

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས་གསུམ་ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་གཉིས་ཀྱིས་ཚེས་དྲུག་ཉིན་ཧྥུན་ལན་བྱང་ཕྱོགས་ཀྱི་ལོ་ཝ་ནེ་མུས་གྲོང་ཁྱེར་ནས་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཁོ་གཉིས་ཀྱིས་གཙོ་བོ་ཝེ་ནེ་ཙུའེ་ལཱའི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།