ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁས་ཕོ་ལན་དུ་དམག་མི་ཁ་སྣོན་བྱས་པ་ལས་ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་ཀྱི་འབྲེལ་བའི་གཞི་རྩའི་ཡིག་ཆར་གཏོར་བརླག་བྱས་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཟླ་བཞི་བའི་ཚེས་སུམ་ཅུའི་ཉིན་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་ཕོ་ལན་དུ་སྡོད་པའི་བཅའ་སྡོད་དམག་དཔུང་གི་ཁ་གྲངས་ཇེ་མང་དུ་བཏང་ན། ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་ཀྱིས་བཀོད་པའི་ཕྱོགས་གཉིས་ཀྱི་འབྲེལ་བའི་གཞི་རྩའི་ཡིག་ཆར་གཏོར་བརླག་བྱེད་སྲིད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་མའོ་སི་ཁི་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་ཕོ་ལན་དུ་དམག་མི་ཁ་སྣོན་བྱས་ན། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་བར་གྱི་འབྲེལ་བ་དང་། མཉམ་ལས། བདེ་འཇགས་བཅས་ཀྱི་གཞི་རྩའི་ཡིག་ཆའི་ཁྲོད་ཀྱི་བྱང་ཆིངས་རྩ་འཛུགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་གསར་བའི་མངའ་ཁོངས་སུ་དུས་ཡུན་རིང་བོར་འཐབ་འཛིང་དམག་དཔུང་གཙོ་བོ་བཀོད་སྒྲིག་བྱེད་མི་རུང་བའི་དོན་ཚན་ལ་གཏོར་བརླག་བྱེད་སྲིད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། མའོ་སི་ཁི་ཡིས་ཧྭ་ཧྲ་དང་ཝ་ཧྲིན་ཐོན་གྱི་འབྲེལ་ཡོད་གྲོས་མོལ་ལ་དོ་སྣང་ཟབ་མོ་བྱེད་བཞིན་ཡོད་པ་དང་། ཨ་མེ་རི་ཁས་ཕོ་ལན་དུ་དམག་མི་ཁ་སྣོན་བྱས་ན་ཡོ་རོབ་གླིང་ལ་སྔར་ལས་ལྷག་པའི་བདེ་འཇགས་འབྱུང་མི་སྲིད། ཨུ་རུ་སི་ཡིས་ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་ལས་འཛིན་ལྷན་ཚོགས་ཀྱིས་བྱེད་ཐབས་གཏན་འབེབས་བྱས་ཏེ། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་འདོད་བློ་བཅངས་ཡོད་ཀྱང་། བྱང་ཆིངས་རྩ་འཛུགས་ཀྱིས་དེར་རྣམ་འགྱུར་བཟང་བོ་བསྟན་པ་མཐོང་མེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།