ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་གསར་བརྗེ་ཉེན་སྲུང་རུ་ཁག་གི་དམག་སྤྱི་ཡིས་ཨ་མེ་རི་ཁའི་གནོན་ཤུགས་འོག་གྲོས་མོལ་སྤེལ་བར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་དམག་སྤྱི་སཱ་ལཱ་མུས་ཀྱིས་ཟླ་བཞི་བའི་ཚེས་ཉེར་དགུའི་ཉིན་གཏམ་བཤད་སྤེལ་ཏེ། མིག་སྔའི་དཔལ་འབྱོར་བཀག་སྡོམ་གྱི་གནོན་ཤུགས་འོག་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

སཱ་ལཱ་མུས་ཀྱིས་འདུ་ཚོགས་བྱ་འགུལ་ཞིག་ལ་ཞུགས་སྐབས་བསྟན་དོན། ཨ་མེ་རི་ཁས་དཔལ་འབྱོར་བཀག་སྡོམ་གྱི་གནོན་ཤུགས་ལ་བརྟེན་ནས། དབྱི་ལིང་གིས་གྲོས་མོལ་བྱེད་པར་བཙན་སྐུལ་བྱེད་རྩིས་ཡོད་ཀྱང་། དེ་ལྟ་བུའི་གྲོས་མོལ་ནི་མགོ་སྒུར་བ་དང་ཁྱད་མེད་ཟེར།

སཱ་ལཱ་མུས་ཀྱིས་ནན་གྱིས་བསྟན་དོན། དབྱི་ལིང་མི་དམངས་ཀྱིས་བརྙས་བཅོས་དེ་འདྲ་ཁོག་ལ་བཅུག་ནས་སྡོད་མི་སྲིད་པ་དང་། ཨ་མེ་རི་ཁའི་དབྱི་ལིང་གི་འཇིགས་ཉེན་ཇི་ལྟར་ཆེ་ན། དེའི་ཐད་གཏོང་བའི་འགྲོ་སོང་ཡང་དེ་ལྟར་ཆེ་ཟེར།

དབྱི་ལིང་གི་ཆེས་མཐོའི་མགོ་ཁྲིད་པ་ཧཱ་མེ་ནེ་དབྱེ་ཡིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། སཱ་ལཱ་མུས་ཡིས་ཅཱ་ཧྥ་ལི་ཡི་ཚབ་ཏུ་དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་དམག་སྤྱིའི་འགན་ཁུར་དུ་འཇུག་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།