ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱའི་མེན་ཀུའུ་ལུའུ་ནས་ཆུ་ལོག་དང་རི་ཉིལ་བའི་དོན་རྐྱེན་ལས་མི་ཉེར་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧིན་རྡུ་ཉི་ཞི་ཡཱའི་གནོད་འགོག་ལས་དོན་ཁང་གིས་ཟླ་བཞི་བའི་ཚེས་ཉེར་དགུའི་ཉིན་བསྒྲགས་པ་ལྟར་ན། ཧིན་རྡུ་ཉི་ཞི་ཡཱའི་མེན་ཀུའུ་ལུའུ་ཞིང་ཆེན་དུ་ཉེ་སྔོན་བྱུང་བའི་ཆུ་ལོག་དང་རི་ཉིལ་བའི་གནོད་འཚེ་ལས་མི་ཉེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། རྒུད་སྐྱོབ་བྱ་བ་བྲེལ་མྱུར་གྱིས་སྤེལ་བཞིན་ཡོད་ཟེར།

ཧིན་རྡུ་ཉི་ཞི་ཡཱའི་གནོད་འགོག་ལས་དོན་ཁང་གི་མགྲིན་ཚབ་པ་སུའུ་ཐའོ་པའོ་ཡིས་ཉིན་དེར་ཁྱབ་སྒྲོག་བྱས་པའི་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་བར། གནོད་འཚེ་དེ་ལས་ད་རུང་མི་བཅུ་གསུམ་གར་སོང་མ་རྙེད་པ་དང་། མི་གཉིས་ལ་རྨས་ལྗིད་མོ་ཕོག་པ་དང་མི་གཉིས་ལ་རྨས་ཡང་མོ་ཕོག དེ་ལས་གཞན་མི་ཁྲི་གཅིག་དང་སྟོང་གཉིས་བྲེལ་མྱུར་ཕྱིར་འཐེན་བྱས་ཤིང་། སྡོད་ཁང་དང་སྤྱི་བའི་སྒྲིག་ཆས་བརྒྱ་ཕྲག་འགའ་ལ་གཏོར་བརླག་ཐེབས་ཡོད་ཟེར།

སུའུ་ཐའོ་པའོ་ཡིས་བཤད་རྒྱུར། མེན་ཀུའུ་ལུའུ་ཞིང་ཆེན་གྱི་མེན་ཀུའུ་ལུའུ་རྫོང་ནི་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་ས་ཁུལ་ཡིན་པ་དང་། བསྡོམས་པས་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་ཡོད། འཕྲིན་གཏོང་མཚམས་ཆད་པ་དང་རི་ཉིལ་ནས་བགྲོད་ལམ་བཀག་པས། རྫོང་དེའི་ཞིང་གྲོང་གཉིས་ཀྱིས་སྔར་བཞིན་ཕྱི་ཕྱོགས་བར་འབྲེལ་འདྲིས་བྱེད་ཐུགབ་མེད་ཟེར།

སུའུ་ཐའོ་པའོ་ཡིས་བཤད་རྒྱུར། མེན་ཀུའུ་ལུའུ་ཞིང་ཆེན་དུ་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བདུན་ཉིན་བར་གློ་བུར་དུ་དྲག་ཆར་བབས་ཏེ། གཙང་ལག་སོ་སོ་རྒྱས་པ་དང་རི་ཉིལ་བའི་དོན་རྐྱེན་མང་དུ་བྱུང་། ཧིན་རྡུ་ཉི་ཞི་ཡཱའི་གནོད་འགོག་ལས་དོན་ཁང་དང་དམག་དོན་ཉེན་རྟོག་པ། རྒྱལ་ཁབ་སྔོག་བཤེར་ཅུའུ། རྒྱ་གྲམ་དམར་པོའི་ཚོགས་པ། སྲིད་གཞུང་མ་ཡིན་པའི་རྩ་འཛུགས། ས་དེའི་དང་བླངས་མཁན་བཅས་ཀྱིས་གྲུབ་པའི་མཉམ་འབྲེལ་རྒུད་སྐྱོབ་རུ་ཁག་གིས་རྒུད་སྐྱོབ་བྱ་བ་བྲེལ་མྱུར་གྱིས་སྤེལ་བཞིན་ཡོད་ཟེར། 

སུའུ་ཐའོ་པའོ་ཡིས་གསལ་འདེབས་ཀྱི་ཚུལ་དུ་བཤད་རྒྱུར། ས་ཁུལ་སྐོར་ཞིག་གི་ཆུ་ལོག་བྲི་སོང་ཡང་། སྔར་བཞིན་ཡང་བསྐྱར་ཆུ་ལོག་འབྱུང་བ་དང་རི་ཉིལ་བའི་ཉེན་ཁ་ཆེན་པོ་ཡོད་པས། ས་དེའི་མི་དམངས་ཀྱིས་དོགས་ཟོན་མཐོར་འདེགས་བྱེད་དགོས་ཟེར། དེ་ལས་གཞན་སུའུ་ཐའོ་པའོ་ཡིས་ད་རུང་དབུགས་ལམ་གྱི་ནད་དང་པགས་ནད། དེ་མིན་འགོ་ནད་གཞན་པ་འབྱུང་བར་སྔོ་འགོག་བྱ་དགོས་པའི་སྐུལ་མ་བཏང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།