ཀྲུང་གོ་བོད་ཀྱི་དྲ་བ།

ནེའུ་ཙེ་ལན་དུ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེའུ་ཙེ་ལན་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཉིན་དེའི་སྔ་དྲོར་ནེའུ་ཙེ་ལན་བྱང་ཕྱོགས་གླིང་ཕྲན་གྱི་དབུས་ཕྱོགས་ཐའོ་པའོ་ཧུའུ་བྱང་ངོས་ཀྱི་གཞུང་ལམ་དང་པོའི་སྟེང་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ། མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ལྗིད་མོ་ཕོག་ཟེར། ཤི་རྨས་ཐེབས་པའི་མི་སྣའི་གྲས་སུ་ཀྲུང་གོའི་སྤྱི་དམངས་མེད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་དེ་གཞུང་ལམ་དང་པོའི་ཨ་ཏིས་ཡཱ་མུའུ་ལི་དང་ཉེ་བའི་ཕྱོགས་སུ་བྱུང་བ་དང་། རླངས་འཁོར་ཞིག་དཀྱིལ་སྙིང་གཞུང་ལམ་བརྒྱུད་རྗེས་རླངས་འཁོར་གཞན་པ་ཞིག་དང་ཁ་གཏད་དུ་ཐོ་བརྒྱབ་པ་རེད། རླངས་འཁོར་དེའི་ནང་དུ་མི་བརྒྱད་དྲུད་ཡོད་པ་དང་། རླངས་འཁོར་གཞན་པའི་ནང་དུ་ཁ་ལོ་བ་གཅིག་པུ་ལས་མེད། མིག་སྔར་ལོ་དགུ་ཅན་གྱི་བྱིས་པ་ཞིག་གསོན་ཡོད་ཀྱང་དེའི་རྨས་སྐྱོན་ཚབས་ཆེན་རེད་ཟེར། 

ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་བའི་རླངས་འཁོར་དེ་ནི་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ཡིན་པ་དང་། གཞན་པ་ནི་རླངས་འཁོར་ཆུང་བ་ཞིག་རེད། དེའི་ནང་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་དེར་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།