ཐུ་ནི་ཞི་ཡཱ་དང་ཨར་ཅི་རི་ཡཱ་ཡིས་ལི་པུ་ཡཱའི་ཕྱོགས་ཁག་སོ་སོས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུ་ནི་ཞི་ཡཱའི་ཕྱི་འབྲེལ་བློན་ཆེན་ཅེ་ཞི་ནཱ་ཝེ་ཡིས་ཚེས་ཉེར་དྲུག་ཉིན་ཐུ་ནི་ཞི་ཡཱ་ནས་འཚམས་འདྲིར་ཡོང་བའི་ཨར་ཅི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་པུའུ་ཁཱ་ཏུའུ་མུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཅེ་ཞི་ནཱ་ཝེ་ཡིས་གྲོས་མོལ་མཇུག་སྒྲིལ་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། དྲག་ཤུགས་ནི་ལི་པུ་ཡཱའི་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་མིན་པས། ཕྱོགས་ཁག་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛུགས་འོག་ཡང་བསྐྱར་གྲོས་མོལ་སྤེལ་ཏེ། ཆབ་སྲིད་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་དགོས་ཟེར། ཁོས་བཤད་རྒྱུར། ཐུ་ནི་ཞི་ཡཱ་ཡིས་ལི་པུ་ཡཱའི་ཕྱོགས་ཁག་སོ་སོ་དང་འབྲེལ་ཡོད་རྒྱལ་ཁབ་བར་འབྲེལ་འདྲིས་བྱས་ཏེ། ཕྱོགས་སོ་སོའི་བར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་འབྱུང་བར་སྐུལ་མ་གཏོང་འདོད་ཡོད་ཟེར། 

པུའུ་ཁཱ་ཏུའུ་མུའུ་ཡིས་ནན་གྱིས་བསྟན་དོན། ལི་པུ་ཡཱའི་གནས་བབ་ཇེ་སྡུག་ཏུ་སོང་བ་ལས་ཁྱིམ་མཚེས་རྒྱལ་ཁབ་ཨར་ཅི་རི་ཡཱ་དང་ཐུ་ནི་ཞི་ཡཱའི་གཏན་འཇགས་ལ་གནོད་པ་ཐེབས་པར་མ་ཟད། ས་ཁུལ་ཡོངས་ཀྱི་གནས་བབ་ལ་ཤུགས་རྐྱེན་ཐེབས་ཡོད་པས། འབྲེལ་ཡོད་རྒྱལ་ཁབ་དག་གིས་ཧུར་ཐག་སྒོས་ལི་པུ་ཡཱའི་རྒྱལ་ནང་གི་འཁྲུག་རྩོད་ཞི་འཇགས་སུ་གཏོང་དགོས་ཟེར། 

ལི་པུ་ཡཱའི་ཤར་ཕྱོགས་ས་ཁུལ་ཚོད་འཛིན་བྱེད་པའི་རྒྱལ་དམངས་དམག་དཔུང་གིས་ཟླ་འདིའི་ཚེས་བཞི་ཉིན་ནས་བཟུང་ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པའོ་ལི་ལ་དམིགས་པའི་དམག་དོན་འགུལ་སྐྱོད་སྤེལ་མགོ་བརྩམས་པ་དང་། གྲོང་ཁྱེར་དེ་ཚོད་འཛིན་བྱེད་པའི་ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་དམག་དཔུང་བར་འཁྲུག་རྩོད་བྱས་པ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།