ཀྲུང་གོ་བོད་ཀྱི་དྲ་བ།

ཝུ་ཀན་ཏཱའི་ཙུང་ཐུང་གིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཙེམ་པབ་ཝེའི་བཀག་སྡོམ་མེད་པར་གཏོང་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུ་ཀན་ཏཱའི་ཙུང་ཐུང་མུའུ་སེ་ཝེ་ནེ་ཡིས་ཚེས་ཉེར་དྲུག་ཉིན་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཙེམ་པབ་ཝེའི་བཀག་སྡོམ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་བ་དང་། བཀག་སྡོམ་དེ་རིགས་ནི་བརྡར་མའི་བྱ་སྤྱོད་ཅིག་རེད་ཟེར། 

ཙེམ་པབ་ཝེའི་རྒྱལ་སྤྱིའི་ཉོ་ཚོང་འགྲེམ་སྟོན་ཚོགས་འདུ་སྐབས་དྲུག་ཅུ་བ་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བདུན་ཉིན་བར་ཙེམ་པབ་ཝེའི་གྲོང་ཁྱེར་ཆེན་པོ་གཉིས་པ་པུའུ་ལཱ་ཝ་ཡོ་ནས་སྤེལ། འགྲེམ་སྟོན་ཚོགས་འདུར་ཞུགས་པའི་མུའུ་སེ་ཝེ་ནེ་ཡིས་ཞུ་ཚིག་འབུལ་སྐབས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཙེམ་པབ་ཝེ་ལ་ལོ་ངོ་ཉི་ཤུ་ཙམ་རིང་བཀག་སྡོམ་བྱས་པར་རྒོལ་གཏམ་བཏང་། ཁོས་བསྟན་དོན། ཙེམ་པབ་ཝེ་ཡིས་ཝུ་ཀན་ཏཱ་དང་བཅས་པའི་མཛའ་མཐུན་རྒྱལ་ཁབ་བར་གྲོགས་པོའི་འབྲེལ་བ་ཟབ་མོ་བཙུགས་ནས། དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ་དང་། དེང་རབས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས་པའི་རེ་བ་བཏོན། 

མུའུ་སེ་ཝེ་ནེ་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། གྲོས་གཞི་གལ་ཆེན་ཐད་ནས་གཅིག་གྱུར་གྱི་རྣམ་འགྱུར་སྟོན་དགོས། དེ་ལྟར་བྱས་ན་ད་གཟོད་འཛམ་གླིང་ཡོངས་ཀྱི་གར་སྟེགས་སུ་ཤུགས་རྐྱེན་སྔར་ལས་ཆེན་པོ་འབྱུང་ཐུབ་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།