མའོ་ལོ་ཀིའི་བྱང་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་ལྐོག་འབྲོས་མཁན་བཅུ་དྲུག་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ལོ་ཀིའི་དཔོན་ཕྱོགས་འཕྲིན་གཏོང་ཁང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། ལྐོག་འབྲོས་མཁན་བཅུ་ཕྲག་འགའ་དྲུད་པའི་རླངས་འཁོར་ཞིག་ལ་ཉིན་དེའི་སྔ་དྲོར་རྒྱལ་ཁབ་དེའི་བྱང་ཤར་ཕྱོགས་ཀྱི་པེད་ཨར་ཁན་ཞིང་ཆེན་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ། མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་བདུན་ལ་རྨས་ཕོག་ཡོད་ཟེར།

པེད་ཨར་ཁན་ཞིང་ཆེན་གྱི་ས་གནས་སྲིད་གཞུང་གིས་བསྒྲགས་པ་ལྟར་ན། རླངས་འཁོར་དེ་ས་དཀྱིལ་མཚོ་ཁོངས་འགྲམ་བརྒྱུད་ཀྱི་སཱ་དབྱེ་ཏིས་ཡེ་གྲོང་ཁྱེར་དང་ནཱ་ཙུའུ་ཨར་བར་གྱི་གཞུང་ལམ་སྟེང་བགྲོད་སྐབས་ལོག་ནས་ལམ་འགྲམ་གྱི་ཆུ་རྐའི་ནང་ལྷུང་བ་རེད། རླངས་འཁོར་སྟེང་དུ་ལྐོག་འབྲོས་མཁན་མི་བཅུ་ཕྲག་འགའ་དྲུད་ཡོད་པ་དང་། དེ་དག་ཚང་མ་སཱ་ཧཱ་ལཱ་ལྷོ་མའི་རྒྱལ་ཁབ་དག་ནས་ཡོང་བ་རེད་ཟེར།

བསྒྲགས་པ་ལྟར་ན། རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ་ཡོད་པ་དང་། མའོ་ལོ་ཀིའི་ཉེན་རྟོག་ཕྱོགས་ཀྱིས་བྲོས་བྱོལ་བྱས་པའི་རླངས་འཁོར་གྱི་ཁ་ལོ་བ་སྔོག་བཤེར་བྱེད་བཞིན་ཡོད་ལ། འབྲེལ་ཡོད་སྡེ་ཁག་གིས་འགྲིམ་འགྲུལ་དོན་རྐྱེན་དེའི་འབྱུང་རྐྱེན་དང་ལྐོག་འབྲོས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།