ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨ་མེ་རི་ཁ། ཨུ་རུ་སི་བཅས་ཀྱིས་ཨ་ཧྥུའུ་ཧན་གནད་དོན་གྱི་གྲོས་མོལ་ཐེངས་གཉིས་པ་སྤེལ་ནས་ཕྱོགས་གསུམ་གྱི་ཐུན་མོང་ལྟ་ཚུལ་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་ཨ་ཧྥུའུ་ཧན་ལས་དོན་གྱི་ཆེད་མངག་ཕོ་ཉ་ཏིན་ཞེ་ཅོན་དང་། ཨུ་རུ་སིའི་ཙུང་ཐུང་གི་ཨ་ཧྥུའུ་ཧན་གནད་དོན་གྱི་དམིགས་བསལ་འཐུས་མི་ཁཱ་པུའུ་ལོ་ཧྥུའུ། ཨ་མེ་རི་ཁའི་ཨ་ཧྥུའུ་ཧན་འགྲིག་མཐུན་ལས་དོན་གྱི་དམིགས་བསལ་འཐུས་མི་ཧཱ་ལེ་ལེ་ཀྲ་ཏི་བཅས་ཀྱིས་ཚེས་ཉེར་ལྔ་ཉིན་མའོ་སི་ཁི་ནས་ཨ་ཧྥུའུ་ཧན་གནད་དོན་གྱི་གྲོས་མོལ་ཐེངས་གཉིས་པ་བསྡུས། ཕྱོགས་གསུམ་གྱིས་མིག་སྔའི་ཨ་ཧྥུའུ་ཧན་གྱི་གནས་བབ་དང་འགྲིག་མཐུན་འཕེལ་རིམ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པར་མ་ཟད་གཤམ་གྱི་ཐུན་མོང་གི་ལྟ་ཚུལ་བཀོད། 

གཅིག་ནས་ཕྱོགས་གསུམ་གྱིས་ཨ་ཧྥུའུ་ཧན་གྱི་བདག་དབང་དང་སྒེར་ཚུགས། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་བརྩི་འཇོག་བྱེད་པ་དང་། ཨ་ཧྥུའུ་ཧན་རང་ཉིད་ཀྱིས་འཕེལ་རྒྱས་བགྲོད་ལམ་གདམ་གསེས་བྱེད་པའི་ཁེ་དབང་ལ་བརྩི་འཇོག་བྱ་དགོས་ལ། ཕྱོགས་གསུམ་གྱིས་ཨ་ཧྥུའུ་ཧན་གྱི་འགྲིག་མཐུན་འཕེལ་རིམ་ལ་སྐུལ་འདེད་གཏོང་སྐབས་ཨ་ཧྥུའུ་ཧན་མི་དམངས་ཀྱི་ཁེ་ཕན་གཙོ་བོར་འཛིན་དགོས། 

གཉིས་ནས་ཕྱོགས་གསུམ་གྱིས་ཨ་ཧྥུའུ་ཧན་གྱི་མིས་གཙོ་ཁྲིད་བྱེད་པ་དང་། ཨ་ཧྥུའུ་ཧན་གྱི་མིར་དབང་བའི་བཟོད་སྒོམ་རང་བཞིན་གྱི་འགྲིག་མཐུན་འཕེལ་རིམ་ལ་རྒྱབ་སྐྱོར་བྱས་ཏེ། དགོས་ངེས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད། ཕྱོིགས་གསུམ་གྱིས་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དང་སྲིད་གཞུང་དང་བཅས་པའི་འཐུས་ཚབ་རང་བཞིན་རྒྱ་ཆེར་ལྡན་པའི་ཨ་ཧྥུའུ་ཧན་གྱི་འཐུས་ཚབ་ཚོགས་པས་སྔ་མོ་ནས་ཞི་བའི་གྲོས་མོལ་བྱེད་པར་སྐུལ་འདེད་དགོས་ལ། ཉིས་སྟོང་བཅུ་དགུལ་ལོའི་ཟླ་གཉིས་པའི་མའོ་སི་ཁོའི་སྐོར་ཐེངས་དང་པོའི་ཨ་ཧྥུའུ་ཧན་གྱི་མིའི་གྲོས་མོལ་གྱི་ཐུན་མོང་ལྟ་ཚུལ་གཞིར་བཟུང་སྟེ། ཕྱོགས་གསུམ་གྱིས་ཁཱ་ཐར་གྱི་ཏའོ་ཧཱ་ནས་སྐོར་ཐེངས་གཉིས་པའི་ཨ་ཧྥུའུ་གྱི་མིའི་གྲོས་མོལ་སྤེལ་བར་རྒྱབ་སྐྱོར་བྱ་དགོས། 

གསུམ་ནས་ཕྱོགས་གསུམ་གྱིས་ཨ་ཧྥུའུ་ཧན་སྲིད་གཞུང་གིས་རང་གི་མངའ་ཁོངས་ཀྱི་རྒྱལ་སྤྱིའི་ཐལ་སྤྱོད་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་རྒྱབ་སྐྱོར་བྱས་ཤིང་། ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་རྒྱུ་དང་། རྟེན་གཞིའི་རྩ་འཛུགས་དངརྒྱལ་སྤྱིའི་འཇིགས་སྐུལ་རྩ་འཛུགས་གཞན་པའི་བར་གྱི་འབྲེལ་ཐག་བཅད་དེ། རང་གི་ཚོད་འཛིན་ས་ཁུལ་དེས་རྒྱལ་ཁབ་གཞན་པ་གང་རུང་ལ་འཇིགས་ཉེན་བཟོ་བའི་ཐད་མི་བཀོལ་བར་འགན་སྲུང་བྱེད་རྒྱུ་ཁས་ལེན་བྱས་ཡོད། ཕྱོགས་གསུམ་གྱིས་ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་འཇིགས་སྐུལ་ཉེས་ཅན་བསྡུ་ལེན་བྱེད་པ་དང་སྦྱོང་བརྡར་བྱེད་པ། མ་དངུལ་བསྡུ་བ་བཅས་ལ་བཀག་འགོག་བྱས་ཏེ། འཇིགས་སྐུལ་ཉེས་ཅན་ཚང་མ་མཐར་སྐྲོད་གཏོང་དགོས་པའི་འབོད་སྐུལ་བཏང་།  

བཞི་ནས་ཕྱོགས་གསུམ་གྱིས་ཨ་ཧྥུའུ་ཧན་མི་དམངས་ཀྱི་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པའི་ཐད་ཀྱི་རེ་འདུན་དྲག་པོ་ངོས་ཟིན་ཡོད་པ་དང་། གོམ་རིམ་དང་པོ་ཡིན་པའི་ཆ་ནས། ཕྱོགས་གསུམ་གྱིས་ཕྱོགས་སོ་སོས་མྱུར་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ་དྲག་ཤུགས་ཇེ་ཉུང་དུ་གཏོང་བར་འཐད་པ་འབྱུང་དགོས་པའི་འབོད་སྐུལ་བཏང་།

ལྔ་ནས་ཕྱོགས་གསུམ་གྱིས་ཁྲིམས་འགལ་དུག་རྫས་ཐོན་སྐྱེད་དང་ལྐོག་འཚོང་ལ་ཆམ་ཕབ་གཏོང་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་ཏེ། ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཨ་ཧྥུའུ་ཧན་མངའ་ཁོངས་ཀྱི་དུག་རྫས་འཇིགས་ཉེན་སེལ་དགོས་པའི་འབོད་སྐུལ་བཏང་། 

དྲུག་ནས་ཕྱོགས་གསུམ་གྱིས་ཕྱི་རྒྱལ་དམག་དཔུང་དག་གོ་རིམ་ཡོད་པ་དང་འགན་ཁུར་བའི་སྒོ་ནས་ཨ་ཧྥུའུ་ཧན་དམག་དཔུང་ཕྱིར་འཐེན་བྱས་ཏེ། ཕྱོགས་ཡོངས་ནས་ཞི་བདེའི་འཕེལ་རིམ་གྱི་གྲུབ་ཆ་ཞིག་ཏུ་བྱེད་དགོས་པའི་འབོད་སྐུལ་བཏང་། 

བདུན་ནས་ཕྱོགས་གསུམ་གྱིས་ས་ཁུལ་དེའི་རྒྱལ་ཁབ་དག་གིས་ཕྱོགས་གསུམ་གྱི་ཐུན་མོང་ལྟ་ཚུལ་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། སྔར་ལས་ཁྱབ་རྒྱ་ཆེ་བའི་ཨ་ཧྥུའུ་ཧན་ས་ཁུལ་དང་འབྲེལ་བའི་རྒྱལ་སྤྱིའི་ཐུན་མོང་ལྟ་ཚུལ་འགོད་པར་སྐུལ་འདེད་བཏང་། 

བརྒྱད་ནས་ཕྱོགས་གསུམ་གྱིས་དུས་རིམ་དགར་ནས་ཁོངས་མི་རྒྱ་བསྐྱེད་པ་དང་ཕྱོགས་གསུམ་གྱི་གྲོས་མོལ་ཐེངས་རྗེས་མ་དེ་པེ་ཅིང་ནས་སྤེལ་བར་ཡིད་འཐད་བྱུང་ལ། གྲོས་ཚོགས་ཀྱི་དུས་ཚོད་དང་ཚོགས་ཞུགས་རྒྱལ་ཁབ་དག་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།