ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཁི་ལན་གྲོས་ཁང་གིས་ཝུའུ་ཁི་ལན་སྐད་བརྡའི་གོ་གནས་ལ་ཤུགས་སྣོན་པའི་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྲོས་ཁང་གིས་ཚེས་ཉེར་ལྔ་ཉིན་ཝུའུ་ཁི་ལན་སྐད་ཀྱིས་རྒྱལ་ཡོངས་སྐད་བརྡའི་ནུས་པ་འདོན་པར་འགན་སྲུང་བྱེད་པའི་སྐོར་གྱི་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་སྟེ། ཐོག་དང་པོར་བཅའ་ཁྲིམས་ཀྱི་རྣམ་པས་ཝུའུ་ཁི་ལན་སྐད་བརྡའི་གོ་གནས་ལ་ཤུགས་སྣོན་བྱེད་པའི་གཏན་འཁེལ་བྱས་པ་རེད། 

ཝུའུ་ཁི་ལན་གྲོས་ཁང་གིས་ཉིན་དེར་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། བསྡོམས་པས་གྲོས་མི་ཉིས་བརྒྱ་དང་དོན་བརྒྱད་ཀྱིས་འདེམ་ཤོག་འཕངས་ནས་བཅའ་ཁྲིམས་དེར་རྒྱབ་སྐྱོར་བྱས་པ་དང་། གྲོས་ཁང་གིས་བཅའ་ཁྲིམས་ནས་གྲོས་མཐུན་འགོད་པའི་བཅའ་ཁྲིམས་གཏན་འཁེལ་གྱི་ཆེས་དམའ་བའི་འདེམ་ཤོག་ཁ་གྲངས་ལས་བརྒལ་ཡོད་ཟེར། 

བཅའ་ཁྲིམས་དེ་ལྟར་ན། ཝུའུ་ཁི་ལན་སྐད་བརྡ་ནི་ཝུའུ་ཁི་ལན་གྱི་དཔོན་ཕྱོགས་སྐད་བརྡ་གཅིག་པུ་ཡིན་ཞིང་། རྒྱལ་ཁབ་དབང་ཤུགས་ལས་ཁུངས་དང་ས་གནས་རང་སྐྱོང་ལས་ཁུངས། སྤྱི་བའི་འཚོ་བའི་ཁྱབ་ཁོངས་ཚང་མས་ངེས་པར་དུ་ཝུའུ་ཁི་ལན་གྱི་སྐད་བེད་སྤྱོད་བྱེད་དགོས་ཀྱང་། མི་སྒེར་གྱི་འབྲེལ་འདྲིས་དང་ཆོས་ལུགས་བྱ་འགུལ་ཁྲོད་བེད་སྤྱོད་བྱེད་པའི་སྐད་བརྡ་ལ་བཅའ་ཁྲིམས་ཐད་ཚོད་འཛིན་མེད་པ་རེད། 

བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་སྐད་དེ་གསར་འགྱུར་དང་སྨན་བཅོས་འཕྲོད་བསྟེན། སློབ་གསོ། ལུས་རྩལ། རིག་གནས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་སྐད་བརྡ་གཙོ་བོར་འགྱུར་སྲིད་ཟེར། 

ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་གྲོས་ཁང་ནས་བཅའ་ཁྲིམས་དེར་གྲོས་འཆམ་བྱུང་རྗེས་བཤད་རྒྱུར། དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་དོན་ཞིག་ཡིན་ཞིང་། བཅའ་ཁྲིམས་དེ་གཏན་འབེབས་བྱས་པ་དེ་ཡོ་རོབ་གླིང་གི་རྒྱུན་སྲོལ་དང་འཚམ་ལ། ཨུ་རུ་སིའི་སྐད་དང་སྐད་བརྡ་གཞན་པ་བརྗོད་པའི་སྡོད་དམངས་ཀྱི་ཁེ་ཕན་ལ་གནོད་མི་སྲིད་ཟེར། དེར་ངོ་རྒོལ་བྱེད་མཁན་རེ་འགས་བལྟས་ན། བཅའ་ཁྲིམས་དེ་ལས་གྲངས་ཉུང་མི་རིགས་ཀྱིས་རང་གི་སྐད་བརྡ་བེད་སྤྱོད་བྱེད་པའི་ཁེ་དབང་ལ་གནོད་པ་ཐེབས་ནས་རྒྱལ་ཁབ་ཁ་བྲལ་གྱི་སྣང་ཚུལ་འབྱུང་སྲིད་པར་འདོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།