ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་བཞིའི་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ཀྱི་ཅི་ཅཱ་ཝ་ཀྲིག་ཏུ་ཚེས་ཉེར་གསུམ་ཉིན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི་བཅུ་དགུ་རྐྱེན་ལམ་དུ་ཤོར་ཟེར། 

ཅི་ཅཱ་ཝ་ཀྲིག་གི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཅིན་ཅི་ལི་ཡིས་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དོན་རྐྱེན་བྱུང་སྐབས། གཉེན་སྟོན་གྱི་འགྲུལ་བ་གང་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་པའོ་ཆི་ཀྲིག་ནས་ཅི་ཅཱ་ཝ་ཀྲིག་ཏུ་ལོག་སྐབས། གློ་བུར་དུ་སྔོན་གྱི་འཁོར་ལོའི་སྐྱ་བ་གས་བ་དང་། རླངས་འཁོར་ཁ་ལོ་བྱེད་བས་མེད་པར་གྱུར་ནས་ལོག་རྗེས་མེར་འབར་བ་རེད་ཟེར། དོན་རྐྱེན་དེ་ལས་མི་ཉེར་གཅིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་ལ། མིག་སྔར་རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

ཅིན་ཅི་ལི་ཡིས་བཤད་རྒྱུར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། དོན་རྐྱེན་བྱུང་བའི་རླངས་འཁོར་དེར་ཐེག་ཚད་ལས་བརྒལ་བའི་གནས་ཚུལ་ཡོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

ཡུལ་དངོས་ཀྱི་ཉེན་རྟོག་པ་ཞིག་གིས་བཤད་རྒྱུར། འདས་པོ་མང་ཆེ་བ་ནི་བུད་མེད་དང་བྱིས་པ་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།