ཀྲུང་གོ་བོད་ཀྱི་དྲ་བ།

སིང་ག་ལཱ་ནས་མུ་འབྲེལ་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་ཉིས་བརྒྱ་ལྷག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190422094250MiSO.jpg

ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན། སིང་ག་ལཱའི་རྒྱལ་ས་ཁི་ལོན་ཕའོ་ནས། མི་རྣམས་ཀྱིས་འགས་གཏོར་འཇབ་རྒོལ་ཐེབས་པའི་ཧྲིན་ཨན་ཏུང་ནེ་ཆོས་ཁང་དུ་བྱ་བ་བྱེད་བཞིན་པ། 

201904220943288C3j.jpg

ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན། སིང་ག་ལཱའི་རྒྱལ་ས་ཁི་ལོན་ཕའོ་ནས། ཉེན་རྟོག་པ་དང་རྟོག་ཞིབ་མི་སྣས་འགས་གཏོར་འཇབ་རྒོལ་ཐེབས་པའི་ཤམ་བྷ་ལའི་མགྲོན་ཁང་ཆེན་མོར་བྱ་བ་བྱེད་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སིང་ག་ལཱའི་ས་ཁུལ་མང་བོར་ཚེས་ཉེར་གཅིག་ཉིན་མུ་འབྲེལ་འགས་གཏོར་འཇབ་རྒོལ་ཐེབས་ཏེ། མི་ཉིས་བརྒྱ་དང་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བརྒྱ་དང་བདུན་ཅུར་རྨས་ཕོག་ཟེར། སིང་ག་ལཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཉིན་དེར་བདེན་དཔང་བྱས་དོན། ཀྲུང་གོའི་སྤྱི་དམངས་གཉིས་འཇབ་རྒོལ་དོན་རྐྱེན་དེའི་ཁྲོད་རྐྱེན་ལམ་དུ་ཤོར་ཟེར། 

ཚེས་ཉེར་གཅིག་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་ཡས་མས་ནས་བཟུང་། སིང་ག་ལཱའི་ས་ཁུལ་མང་བོར་བསྟུད་མར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་བརྒྱད་བྱུང་བ་དང་། འགས་གཏོར་འཇབ་རྒོལ་ཐེབས་སའི་ས་གནས་ལ་རྒྱལ་ས་ཁི་ལོན་ཕའོ་ཡི་ཤམ་བྷ་ལའི་མགྲོན་ཁང་ཆེན་མོ་དང་། རིག་ཀོས་མགྲོན་ཁང་ཆེན་མོ། ཅིན་སི་པའོ་ལི་མགྲོན་ཁང་ཆེན་མོ། ཁི་ལོན་ཕའོ་ཏའེ་ཞེ་ཝ་ལེ་སྲོག་ཆགས་གླིང་གའི་ཉེ་འདབས་ཀྱི་མགྲོན་ཁང་ཞིག ཁི་ལོན་ཕའོ་གྲོང་ཁྱེར་ནང་ཁུལ་གྱི་ཧྲིན་ཨན་ཏུའུ་ནེ་ཆོས་ཁང་། གྲོང་ཁྱེར་ཉེ་འཁོར་དུ་ཡོད་པའི་ཧྲིན་སེ་པཱ་སི་ཏིས་ཨན་ཆོས་ཁང་། གྲོང་ཁྱེར་ཤར་ཕྱོགས་སུ་གནས་པའི་པེད་ཏིས་ཁི་ལོའི་ཆོས་ཁང་ཞིག ཁི་ལོན་ཕའོ་ཏི་མན་ཐཱ་ཀི་ས་ཁུལ་གྱི་གཞིས་ཁུལ་ཞིག་བཅས་འདུས། 

སིང་ག་ལཱའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། མིག་སྔར་འགས་གཏོར་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པ་ལས་མི་ཉིས་བརྒྱ་དང་བདུན་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཕྱི་རྒྱལ་གྱི་མི་སོ་ལྔ་ཡོད། གཞན་ཡང་མི་བཞི་བརྒྱ་དང་བདུན་ཅུར་རྨས་ཕོག་ཡོད་ཟེར། ས་དེའི་གསར་འགྱུར་སྨྱན་བྱད་ཀྱིས་ཉིན་དེའི་དགོང་མོར་བསྒྲགས་པ་ལྟར་ན། འདས་པོའི་ཁ་གྲངས་ཉིས་བརྒྱ་དང་ཉེར་བརྒྱད་ལ་བསླེབ་ཡོད་ཟེར། 

སིང་ག་ལཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བདེན་དཔང་བྱས་དོན། ཀྲུང་གོའི་སྤྱི་དམངས་གཉིས་འགས་གཏོར་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། རྨས་ཕོག་པའི་ཀྲུང་གོའི་སྤྱི་དམངས་ཀྱི་ཁ་གྲངས་ལ་དཔྱད་ཞིབ་བྱེད་བཞིན་ཡོད། གཞུང་ཚབ་ཁང་གིས་འཕྲལ་སྒྲུབ་རྐྱེན་སྲོལ་ལག་བསྟར་བྱེད་བཞིན་ཡོད་པ་དང་། སིང་ག་ལཱ་རུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དག་གིས་རང་གི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་གསལ་འདེབས་བྱས་ཡོད་པ་རེད། 

སིང་ག་ལཱའི་དབང་འཛིན་ལས་ཁུངས་ཀྱིས་ཁྱབ་སྒྲོག་བྱས་དོན། ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་ནས་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་བར། སིང་ག་ལཱའི་གླིང་ཕྲན་ཧྲིལ་བོར་མཚན་མགྲོན་འགོག་རྒྱུ་ཡིན་ཟེར། མིག་སྔའི་བར་དུ་སིང་ག་ལཱའི་ཉེན་རྟོག་ཕྱོགས་ཀྱིས་འགས་གཏོར་དོན་རྐྱེན་དང་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་བདུན་འཛིན་བཟུང་བྱས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་རྟོག་ཞིབ་བྱེད་རྒྱུའི་ཚུལ་བསྟན། 

མིག་སྔར་རྩ་འཛུགས་གང་རུང་གིས་མུ་འབྲེལ་འགས་གཏོར་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད། སིང་ག་ལཱའི་དབང་འཛིན་ལས་ཁུངས་ཀྱིས་བསྟན་དོན། མུ་འབྲེལ་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཁྲོད་མང་ཆེ་བ་ནི་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་ཡིན་ཟེར། སིང་ག་ལཱའི་རྒྱལ་སྲུང་བློན་ཆེན་ཝེ་ཅེ་ཝ་ཏི་ནཱ་ཡིས་བསྟན་དོན། ཉིན་དེའི་འཇབ་རྒོལ་དོན་རྐྱེན་ནི་འཇིགས་སྐུལ་འཇབ་རྒོལ་རེད་ཟེར། 

སིང་ག་ལཱའི་ཙུང་ཐུང་ཞི་ལི་སེ་ནཱ་ཡིས་མང་ཚོགས་ཀྱིས་རང་ཚོད་འཛིན་པ་དང་། འབྲེལ་ཡོད་སྡེ་ཁག་གི་བདེན་དཔང་མ་ཐོབ་པའི་གནས་ཚུལ་ལ་ཡིད་ཆེས་བྱེད་མི་རུང་བ་དང་། ཉེན་རྟོག་ཕྱོགས་དང་དམག་ཕྱོགས་ཀྱིས་རྟོག་ཞིབ་བྱེད་བཞིན་ཡོད་ལ། མང་ཚོགས་ཀྱིས་དེར་གཞོགས་འདེགས་བྱེད་དགོས་པའི་འབོད་སྐུལ་བཏང་། སིང་ག་ལཱའི་ཙུང་ལི་ཝེ་ཁི་ལེ་མཱ་ཞིན་ཧཱ་ཡིས་དྲ་ཚིགས་བརྒྱུད་དེ་ཉིན་དེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། སིང་ག་ལཱའི་མང་ཚོགས་ཀྱིས་སྐྱོ་སྡུག་གི་དུས་སྐབས་དེར་སྔར་ལས་མཐུན་སྒྲིལ་བྱེད་དགོས་པའི་འབོད་སྐུལ་བཏང་། 

རྒྱལ་ཁབ་མང་བོའི་ཆབ་སྲིད་མགོ་ཁྲིད་པས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་བ་དང་། འདས་པོར་མྱ་ངན་ཞུས་པར་མ་ཟད། མཉམ་དུ་ཐལ་སྤྱོད་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།