ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་ཙུང་ཐུང་འདེམ་བསྐོའི་མཇུག་འབྲས་ཀྱིས་ཝུའུ་ཁི་ལན་གྱི་སྲིད་ཇུས་ལ་ཤུགས་རྐྱེན་ཐེབས་མི་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་ཡོ་ཝན་ནོའུ་ཝེ་ཆི་དང་ཝུའུ་ཁི་ལན་དུ་སྡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་མི་མེན་ཅཱ་ལོས་ལེ་གཉིས་ཀྱིས་ཚེས་བཅུ་དགུའི་ཉིན་བསྟན་དོན། ཝུའུ་ཁི་ལན་གྱི་ཙུང་ཐུང་འདེམ་བསྐོའི་ཁྲོད་སུ་ལ་རྒྱལ་ཁ་ཐོབ་ཀྱང་། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱས་ཏེ་ཝུའུ་ཁི་ལན་བར་གྱི་མཉམ་ལས་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར། 

ཁོ་གཉིས་ཀྱིས་མཉམ་དུ་ཝུའུ་ཁི་ལན་གྱི་ཙུང་ཐུང་འདེམ་བསྐོའི་ལྟ་ཞིབ་པའི་འཐུས་མིར་ཐུག་འཕྲད་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཡོ་ཝན་ནོའུ་ཝེ་ཆི་ཡིས་ད་རུང་བསྟན་དོན། ཝུའུ་ཁི་ལན་གྱི་ཙུང་ཐུང་འདེམ་བསྐོའི་རྗེས་སུ། ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་ཏོན་པཱ་སིའི་དྲག་ཆས་འཁྲུག་རྩོད་དང་ཝུའུ་ཁི་ལན་གྱི་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་གཏོང་བ་སོགས་གནད་དོན་གཙོ་བོར་བཟུང་ནས་ཐག་གཅོད་བྱེད་དགོས་ཟེར། 

མེན་ཅཱ་ལོས་ལེ་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་སྔོན་གྱི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ཁྱད་པར་དུ་སྔར་ལས་ལྷག་པའི་སྒོ་ནས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་སྟེ། ཝུའུ་ཁི་ལན་གྱི་དེང་རབས་ཅན་གྱི་བཅོས་བསྒྱུར་འཕེལ་རིམ་ལ་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར། 

ཚེས་བཅུ་དགུ་ཉིན་གྱི་དགོང་མོར། ཝུའུ་ཁི་ལན་གྱི་སྐོར་ཐེངས་གཉིས་པའི་ཙུང་ཐུང་འདེམ་བསྐོའི་ནང་ཞུགས་པའི་འདེམ་སྒུག་མི་སྣ་ད་ལྟའི་ཙུང་ཐུང་པའོ་ལོ་ཧྲིན་ཁི་དང་བཞད་གར་འཁྲབ་སྟོན་པ་ཙེ་ལིན་སི་ཅི་གཉིས་ཀྱིས་ཅི་ཧྥུའུ་རུ་ཡོད་པའི་ཨོ་ལིན་ཕིག་རྒྱལ་ཁབ་ལུས་རྩལ་ར་བའི་ནང་དཔྱད་གླེང་ཚོགས་འདུ་སྤེལ་བ་དང་། མང་ཚོགས་ཁྲི་གཉིས་དང་སྟོང་གཉིས་ལྷག་གིས་ལྟད་མོར་བལྟས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།