ཀྲུང་གོ་བོད་ཀྱི་དྲ་བ།

ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་ཧྥ་རན་སིའི་བར་གྱི་མཉམ་ལས་མཚམས་འཇོག་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་ནང་སྲིད་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཧྥ་རན་སིའི་སྲིད་གཞུང་གིས་ལི་པུ་ཡཱའི་ཤར་ཕྱོགས་ཀྱི་རྒྱལ་དམངས་དམག་དཔུང་ཞེས་པའི་དྲག་ཆས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པའི་དབང་གིས་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་ཧྥ་རན་སིའི་བར་གྱི་མཉམ་ལས་མཚམས་འཇོག་རྒྱུ་ཡིན་ཟེར། 

ལི་པུ་ཡཱའི་ནང་སྲིད་པུའུ་ཡིས་ཉིན་དེར་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཧྥ་རན་སིའི་སྲིད་གཞུང་གིས་ཧཱ་ཧྥུའུ་ཐཱ་ཨར་གྱིས་མགོ་ཁྲིད་པའི་རྒྱལ་དམངས་དམག་དཔུང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། རྒྱལ་དམངས་དམག་དཔུང་གིས་ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པའོ་ལི་ལ་དཔུང་འཇུག་བྱེད་བཞིན་ཡོད། དེ་བས་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་ཧྥ་རན་སིའི་བར་གྱི་བདེ་འཇགས་དང་སྦྱོང་བརྡར་སོགས་ཀྱི་མཉམ་ལས་ཚང་མ་མཚམས་འཇོག་རྒྱུ་ཐག་བཅད་པ་ཡིན་ཟེར། 

གཞན་ཡང་བསྒྲགས་པ་ལྟར་ན། ཧྥ་རན་སིའི་སྲིད་གཞུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་སྐྱོན་འཛུགས་དེ་ཁས་ལེན་མ་བྱས་པ་དང་། ཧྥ་རན་སིའི་ཡིས་མི་རིགས་མཐུན་སྒྲིལ་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པའི་ལངས་ཕྱོགས་དེ་འགྱུར་མེད་ཟེར། 

ལི་པུ་ཡཱའི་ཤར་ཕྱོགས་ས་ཁུལ་ཚོད་འཛིན་བྱེད་པའི་རྒྱལ་དམངས་དམག་དཔུང་གིས་ཟླ་འདིའི་ཚེས་བཞིའི་ཉིན་ནས་བཟུང་ཏི་ལེ་པའོ་ལི་ལ་དམིགས་པའི་དམག་དོན་འགུལ་སྐྱོད་སྤེལ་མགོ་བརྩམས་པ་དང་། གྲོང་ཁྱེར་དེ་ཚོད་འཛིན་བྱེད་པའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་དམག་དཔུང་བར་འཁྲུག་རྩོད་བྱུང་ཡོད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིའི་འཐབ་འཁྲུག་ལས་མི་ཉིས་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་བརྒྱ་ལྷག་ལ་རྨས་ཕོག མི་སྟོང་ཕྲག་མང་བོ་འཐབ་འཁྲུག་ས་ཁུལ་ནས་ཕྱིར་འཐེན་མི་བྱེད་ཐབས་མེད་བྱུང་ཡོད་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།