ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཐུར་ཁེ་ཡིས་དམག་དོན་སོགས་ཁྱབ་ཁོངས་ནས་མཉམ་ལས་མང་དུ་སྤེལ་བར་ཡིད་འཐད་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉེ་སྔོན་འཚམས་འདྲིར་ཡོང་བའི་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་མཉམ་དུ་མའོ་སི་ཁི་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་འཆར་གཞི་ལྟར་དུS-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་ཕྱིར་འཚོང་གྲོས་མཐུན་དངོས་འབེབ་བྱེད་པ་དང་། མཐོ་གསར་ཚན་རྩལ་དམག་དོན་སོགས་ཁྱབ་ཁོངས་ནས་མཉམ་ལས་མང་དུ་སྤེལ་བར་ཡིད་འཐད་བྱུང་། 

ཕུའུ་ཅིན་གྱིས་གྲོས་མོལ་བྱས་རྗེས་བསྟན་དོན། ཕྱོགས་གཉིས་ཀྱིས་དེའི་སྔོན་བཀོད་པའི་གྲོས་མཐུན་གཞིར་བཟུང་ནས་ཐུར་ཁེ་ལS-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་ཕྱིར་འཚོང་བྱེད་པ་ལས་གཞན། རྒྱལ་ཁབ་གཉིས་ཀྱིས་དམག་དོན་ཁྱབ་ཁོངས་ནས་མཉམ་འབྲེལ་གྱིས་མཐོ་གསར་ཚན་རྩལ་གྱི་དམག་དོན་སྒྲིག་ཆས་གསར་སྤེལ་བྱེད་པ་སོགས་མཉམ་ལས་སྣ་ཚོགས་སྤེལ་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། མིག་སྔར་ཨུ་རུ་སི་དང་ཐུར་ཁེའི་འབྲེལ་བ་ཇེ་ཟབ་ཏུ་སོང་བ་དང་། རྒྱལ་ཁབ་གཉིས་ཀྱིས་ཨ་ཁུའུ་ཡུག་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་དང་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་སོགས་ལས་གཞི་ཆེན་པོ་རབ་དང་རིམ་པ་འཛུགས་སྐྲུན་བྱེད་བཞིན་ཡོད་ཟེར། 

སི་རི་ཡཱའི་གནས་བབ་ཐད་ནས་ཕུའུ་ཅིན་གྱིས་བསྟན་དོན། ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་ལྔ་བཞིའི་རྨང་གཞིའི་སྟེང་། ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་འཁྲུག་རྩོད་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད། ཨུ་རུ་སི་དང་ཐུར་ཁེ་ཕྱོགས་གཉིས་ཀྱིས་ད་རུང་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག མཉམ་འབྲེལ་རྒྱལ་ཚོགས་བཅས་ལ་རོགས་འདེགས་བྱས་ཏེ། མྱུར་མོར་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་པར་ཡར་སྐུལ་གཏོང་བར་འཐད་པ་བྱུང་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། ཨུ་རུ་སི་ནསS-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་ཉོ་བསྡུ་བྱེད་པ་ནི་ཐུར་ཁེའི་བདག་དབང་ཁྱབ་ཁོངས་ཀྱི་དོན་དག་ཡིན་པས། རྒྱལ་ཁབ་གཞན་པར་དེར་ཐེ་གཏོགས་བྱེད་པའི་དབང་ཆ་ཅི་ཡང་མེད་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། གང་ནུས་ཀྱིས་འབད་བརྩོན་བྱས་ནས་ཐུར་ཁེ་དང་ཨུ་རུ་སིའི་ཁྱབ་ཁོངས་སོ་སོར་གཏན་འཁེལ་བྱས་པའི་མཉམ་ལས་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ཡིན། མིག་སྔར་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་གྲངས་འབོར་མེ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་དྲུག་ལ་བསླེབ་ཡོད་པ་དང་། ཕྱོགས་གཉིས་ཀྱིས་གྲངས་འབོར་དེ་མེ་སྒོར་ཁྲག་ཁྲིག་གཅིག་ལ་འཕར་སྣོན་གཏོང་བའི་དམིགས་འབེན་གཏན་འཁེལ་བྱས་ཡོད་ཟེར། 

གྲོས་མོལ་བྱེད་སྐབས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་མི་གཞུང་བརྗེ་རེས་དང་སློབ་གསོའི་མཉམ་ལས། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སོགས་ཀྱི་ཐད་ནས་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་པར་མ་ཟད། མུ་མཐུད་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་འཐད་པ་བྱུང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།