ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་སོ་ཏི་ཨ་རབ་ཀྱིས་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱིས་མུ་མཐུད་དུ་མེ་སྒོར་བེད་སྤྱད་ནས་རྡོ་སྣུམ་ཉོ་ཚོང་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ནུས་ཁུངས་པུའུ་ཀྲང་མཱ་ཙི་ལུའུ་དབྱེ་དང་སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་བློན་ཆེན་ཧྥ་ལེ་ཧི་གཉིས་ཀྱིས་ཚེས་བརྒྱད་ཉིན་སོ་སོར་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་སོ་ཏི་ཨ་རབ་འདུས་པའི་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མུ་མཐུད་དུ་མེ་སྒོར་བེད་སྤྱད་དེ་རྡོ་སྣུམ་ཉོ་ཚོང་བྱེད་རྒྱུ་ཡིན་པ་དང་། མིག་སྔར་དངུལ་ལོར་གཞན་པས་མེ་སྒོར་གྱི་ཚབ་བྱེད་པའི་འཆར་གཞི་མེད་ཟེར།

མཱ་ཙི་ལུའུ་དབྱེ་ཡིས་ཉིན་དེར་ཏིས་པེད་ནས་བསྡུས་པའི་དབུས་ཤར་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་གྲོས་ཚོགས་ལ་ཞུགས་སྐབས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱིས་ཉོ་ཚོང་གི་གཞི་རྩའི་དངུལ་ལོར་བསྒྱུར་བའི་གསལ་སྒྲོག་སྤེལ་མེད། མེ་སྒོར་བེད་སྤྱད་དེ་ཉོ་ཚོང་བྱེད་པ་ནི་ལས་རིགས་ཀྱི་ལོ་མང་བོའི་རིང་ཆད་པའི་རྩ་དོན་ཞིག་ཡིན་པས། སྐད་ཅིག་ཉིད་ལ་བཅོས་བསྒྱུར་བྱེད་མི་སྲིད་ཟེར།

ཧྥ་ལེ་ཧི་ཡིས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་མེ་སྒོར་བསྐྱུར་ནས་དངུལ་ལོར་གཞན་པས་རྡོ་སྣུམ་ཉོ་ཚོང་བྱེད་པའི་གསར་འགྱུར་དེ་ཡང་དག་མིན་པ་དང་། དེས་སོ་ཏི་ཨ་རབ་ཀྱི་ལངས་ཕྱོགས་མཚོན་མེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།