ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་ཐོག་དང་པོར་ཕྱི་རྒྱལ་གྱི་སྲིད་གཞུང་གི་ཡན་ལག་དམག་དཔུང་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡི་རྒྱུ་ཆའི་པར་རིས། 

༢.jpg

དབྱི་ལིང་གི་དབྱི་སི་ལན་ཉེན་སྲུང་རུ་ཁག

༣.jpg

དབྱི་ལིང་གི་དབྱི་སི་ལན་ཉེན་སྲུང་རུ་ཁག

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས8ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁས་དབྱི་ལིང་གི་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་དེ་ཕྱི་རྒྱལ་གྱི་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་ཡོད་ཟེར། དེ་ནི་ཨ་མེ་རི་ཁས་ཐོག་དང་པོར་ཕྱི་རྒྱལ་གྱི་སྲིད་གཞུང་གི་ཡན་ལག་དམག་དཔུང་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་པ་རེད། 
དེར་བརྟེན་དབྱི་ལིང་གི་དབྱི་སི་ལན་ཉེན་སྲུང་རུ་ཁག་གི་ཨ་མེ་རི་ཁའི་ཁྲིམས་འཛིན་ཁྱབ་ཁོངས་ནང་གི་རྒྱུ་ནོར་ཚང་མ་གསོག་ཉར་བྱེད་རྒྱུ་དང་། ཞོར་དུ་ཨ་མེ་རི་ཁའི་མིས་དམག་དཔུང་དེའི་བར་རྣམ་པ་གང་རུང་གི་ཚོང་ལས་འགྲོ་འོང་བྱེད་པ་གཏན་འགོག་བྱས་པ་རེད།

ཐི་ལིང་ཕུའུ་ཡིས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་གསལ་སྒྲོག་ནང་བཤད་རྒྱུར། དབྱི་ལིང་ནི་འཇིགས་སྐུལ་རིང་ལུགས་ལྟག་རྒྱབ་ཀྱི་མ་དངུལ་འདོན་སྤྲོད་བྱེད་མཁན་ཡིན་པར་མ་ཟད། དབྱི་ལིང་གི་དབྱི་སི་ལན་ཉེན་སྲུང་རུ་ཁག་དེ་མ་གཞི་ནས་འཇིགས་སྐུལ་བྱ་འགུལ་ནང་ཞུགས་ཡོད། འཇིགས་སྐུལ་རིང་ལུགས་ལ་རོགས་སྐྱོར་དང་སྐུལ་འདེད་གཏོང་བ་ནི་དབྱི་ལིང་གི་རྒྱལ་ཁབ་སྲིད་ཇུས་ཤིག་ཡིན། འདི་ནི་སྔ་ན་མེད་པའི་འགུལ་སྐྱོད་ཅིག་ཡིན་ལ། བྱེ་བྲག་གི་བཀོད་སྒྲིག་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྣེ་ཁྲིད་དེ་ལག་བསྟར་བྱ་དགོས་ཟེར།

དབྱི་ལིང་གི་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་ནི་གཅིག་སྟོང་དགུ་བརྒྱ་དོན་དགུའི་ལོར་དབྱི་ལིང་དབྱི་སི་ལན་གསར་བརྗེ་ལ་རྒྱལ་ཁ་ཐོབ་རྗེས་བཙུགས་པའི་ཚད་ལྡན་གྱི་དམག་དོན་རྩ་འཛུགས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་དབང་ཆར་སྲུང་སྐྱོབ་དང་སྲིད་གཞུང་ལ་ལྟ་རྟོག་བྱེད་པའི་ཆེད་རེད། དམག་དཔུང་དེ་དབྱི་ལིང་གི་དངོས་གཞིའི་དྲག་ཆས་དམག་དཔུང་ལས་སྒེར་ཚུགས་སུ་ཡོད་པ་དང་། དབྱི་ལིང་གི་ཆེས་མཐོའི་མགོ་ཁྲིད་པ་ཁོ་ནར་བློ་དཀར་བར་མ་ཟད། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དཔལ་འབྱོར་གྱི་ཡོང་ཁུངས་རྒྱ་ཆེན་པོ་ཡོད་པ་རེད།

ཨ་མེ་རི་ཁས་གསར་བརྗེ་ཉེན་སྲུང་རུ་ཁག་ལ་དངོས་རྫས་དང་རྒྱུ་ནོར་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དང་ཚོང་ལས་འགྲོ་འོང་བྱེད་པའི་མི་སྒེར་ཚང་མར་ཨ་མེ་རི་ཁར་ཡོང་བའི་ལམ་ཡིག་སྟེར་རྒྱུ་མིན་པ་དང་། དེའི་ནང་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་ཀུང་ཟི་དང་ཚོང་བའང་འདུས་ཡོད།

ཨ་མེ་རི་ཁའི་དམག་ཕྱོགས་དང་ཕྱི་འབྲེལ་དཔོན་པོས་ཀྱང་གསར་བརྗེ་ཉེན་སྲུང་རུ་ཁག་གི་དཔོན་རིགས་དང་ལས་ཚབ་མི་སྣའི་བར་ཕྱི་ཕྱོགས་ཀྱི་འབྲེལ་བ་བྱེད་པར་གཏན་འགོག་བྱེད་སྲིད་ལ། དེའི་ནང་དབྱི་རག་དང་ལེ་པཱ་ནུན་སོགས་དབུས་ཤར་རྒྱལ་ཁབ་ཀྱི་དཔོན་རིགས་རེ་འགའ་ཡང་འདུས་ཡོད་ངེས་རེད། ཟུར་ལྔའི་ཐོག་ཁང་ཆེན་མོ་དང་ཨ་མེ་རི་ཁའི་གསང་འཕྲིན་སྡེ་ཁག་གིས་དོན་དེར་སེམས་ཁུར་བྱེད་པའི་ཚུལ་བསྟན། རྒྱུ་མཚན་ནི་དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་ཨ་མེ་རི་ཁའི་ཕྱི་འབྲེལ་སྲིད་ཇུས་དང་གསང་འཕྲིན་བྱ་བར་གནོད་པ་ཐེབས་སྲིད་པས་རེད།

དེའི་སྔོན་དུ་ཨ་མེ་རི་ཁས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནས་འཇིགས་སྐུལ་རིང་ལུགས་ཀྱི་རྩ་འཛུགས་དྲུག་ཅུ་ཙམ་དམིགས་འཛུགས་བྱས་པ་དང་། དེའི་ནང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་། རྟེན་གཞི་རྩ་འཛུགས་དང་དེའི་ཡན་ལག་རུ་ཁག དེ་མིན་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་དམངས་དམག ཕཱ་ལེ་སི་ཐན་གྱི་སྐུལ་སྤེལ་ཕྱོགས་ཁག་རེ་འགའ་སོགས་འདུས་ཡོད། ཡིན་ཡང་ཕྱི་རྒྱལ་གྱི་འཇིགས་སྐུལ་རྩ་འཛུགས་དེ་ཚང་མ་ནི་རྒྱལ་ཁབ་གང་རུང་གི་དམག་དཔུང་ལས་བྱུང་བ་མ་ཡིན།

དབྱི་ལིང་སྲིད་གཞུང་གིས་མྱུར་མོར་ཐི་ལིང་ཕུའུ་ཡི་བཀག་སྡོམ་ལ་ལན་བྱིན་པ་དང་། དེར་རང་ནུས་ཅི་ཡོད་ཀྱིས་འཁོན་ལན་སློག་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།