ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་དེ་འཇིགས་རྩ་འཛུགས་ཀྱི་གྲས་སུ་འཇོག་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁས་དབྱི་ལིང་གི་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་འཇོག་རྒྱུ་ཡིན་ཟེར། དེ་ནི་ཨ་མེ་རི་ཁས་ཐོག་དང་པོར་རྒྱལ་ཁབ་ཅིག་གི་དྲག་ཆས་དམག་དཔུང་དེ་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་པ་རེད། 

ཐི་ལིང་ཕུའུ་ཡིས་ཕོ་བྲང་དཀར་པོ་ནས་ཉིན་དེར་སྤེལ་གསལ་སྒྲོག་ནང་བཤད་རྒྱུར། དབྱི་ལིང་གི་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་དབུས་ཤར་གྱི་རྒྱལ་ཁབ་མང་བོའི་འཇིགས་སྐུལ་རྩ་འཛུགས་ལ་རྒྱབ་སྐྱོར་བྱས་པ་དང་། དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་བར་འབྲེལ་འདྲིས་ཡོད་པ་དང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་གང་ཡིན་ཡང་ཉེན་ཁར་འཕྲད་སྲིད་ཟེར། ཁོས་བསྟན་དོན། བྱ་སྤྱོད་དེ་ལས་ཨ་མེ་རི་ཁས་དབྱི་ལིང་ལ་ཐལ་དྲགས་པའི་གནོན་ཤུགས་སྟེར་བའི་ཁྱབ་ཁོངས་དང་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར། 

ཕོ་བྲང་དཀར་པོའི་གསལ་སྒྲོག་ལྟར་ན། ཨ་མེ་རི་ཁས་ཞོར་དུ་ད་རུང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་ཁོངས་སུ་གཏོགས་པའི་ལྷ་མཁར་སྟོང་ཤོག་དེ་ཡང་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་འཇོག་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་འབྲེལ་ཡོད་གཏན་འཁེལ་ལྟར་ན། ཨ་མེ་རི་ཁའི་དངུལ་ལོར་ལས་ཁུངས་ཀྱིས་དབྱི་ལིང་གི་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་ཚང་མ་ཉར་འཇོག་བྱེད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁའི་མངའ་ཁོངས་ཀྱི་མི་སུ་ཡིན་ཡང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་ལ་རྒྱབ་སྐྱོར་བྱེད་པ་གཏན་འགོག་བྱེད་རྒྱུ་མ་ཟད། ཨ་མེ་རི་ཁས་ད་རུང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་འབྲེལ་ཡོད་མི་སྣ་རང་གི་མངའ་ཁོངས་སུ་ཡོང་བར་གཏན་འགོག་བྱེད་རྒྱུ་རེད། 

ཨ་མེ་རི་ཁའི་ཕྱོགས་ཀྱི་འབྲེལ་ཡོད་ལས་རིམ་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོད་དོན་དེ་རྒྱལ་ཚོགས་ལ་སྙན་ཞུ་བྱས་ཤིང་། གལ་ཏེ་རྒྱལ་ཚོགས་ལ་ཉིན་བདུན་གྱི་ནང་ངོ་རྒོལ་བསམ་འཆར་མེད་ན། ཆོད་དོན་དེ་དངོས་སུ་ནུས་ལྡན་དུ་འགྱུར་ངེས་རེད། 

དབྱི་ལིང་གི་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་སྤྱི་ཁྱབ་དམག་སྤྱི་ཅཱ་ཧྥ་ལི་ཡིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། གལ་ཏེ་ཨ་མེ་རི་ཁས་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་སྟེ་དབྱི་ལིང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་ཉེན་ཐེབས་ན། དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་འཁོན་ལན་སློག་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།