ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱ་ནས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་དཔོན་ཕྱོགས་ཀྱིས་ཚེས་བདུན་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་པའོ་ཨར་ནོའུ་ཀྲིག་ཏུ་ཚེས་དྲུག་ཉིན་གྱི་དགོང་མོར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་འཇབ་རྒོལ་མཁན་གཉིས་དང་བཅས་པའི་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགར་རྨས་ཕོག་ཡོད་ཟེར། 

ས་དེའི་ཉེན་རྟོག་ཕྱོགས་ཀྱི་མི་སྣ་ཞིག་གིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཚེས་དྲུག་ཉིན་གྱི་དགོང་མོར་བུད་མེད་གཉིས་ཀྱིས་སྟབས་བདེའི་འགད་རྫས་སྒྲིག་ཆས་ཁྱེར་ནས་པའོ་ཨར་ནོའུ་ཀྲིག་གི་ལྟེ་གནས་གྲོང་ཁྱེར་མེད་ཏུའུ་ཀུའུ་ལིའི་ཉེ་འདབས་ཀྱི་གྲོང་རྡལ་ཆུང་བ་ཞིག་ཏུ་ཡོང་བ་དང་། ས་དེའི་དམངས་དམག་རྩ་འཛུགས་རྗེས་འདེད་བྱེད་བཞིན་པ་ཤེས་རྗེས་ཁོ་མོ་གཉིས་ཀྱིས་འགད་རྫས་འགས་གཏོར་བཏང་བ་རེད་ཟེར། 

པའོ་ཨར་ནོའུ་ཀྲིག་གི་བྲེལ་མྱུར་ལས་དོན་དོ་དམ་སྡེ་ཁག་གི་འགན་ཁུར་བ་ཏན་པཱ་ཐཱ་ཡིས་བཤད་རྒྱུར། དམངས་དམག་རྩ་འཛུགས་ཀྱི་ཁོངས་མི་གཉིས་ཀྱིས་བུད་མེད་དེ་གཉིས་ཀྱི་བྱ་སྤྱོད་ལ་དོགས་གཞི་ཡོད་པ་ཤེས་ནས། ཁོ་མོ་གཉིས་འགོག་རྩིས་བྱེད་སྐབས། བུད་མེད་གཅིག་གིས་འགད་རྫས་འགས་གཏོར་བཏང་སྟེ། དམངས་དམག་རྩ་འཛུགས་ཀྱི་ཁོངས་མི་གཉིས་དང་མི་སེར་དཀྱུས་མ་གཅིག་རྐྱེན་ལམ་དུ་ཤོར། སྐར་མ་ལྔའི་རྗེས་སུ། བུད་མེད་གཞན་པ་དེས་ཀྱང་འགད་རྫས་འགས་གཏོར་བཏང་བ་རེད། 

མིག་སྔའི་བར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།