ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་གླེང་སྟེགས་ཀྱི་ཁེ་ལས་པའི་ཚོགས་ཆེན་སྐབས་བརྒྱད་པ་ཐུ་ནི་ཞི་ཡཱ་ནས་སྤེལ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་གླེང་སྟེགས་ཀྱི་ཁེ་ལས་པའི་ཚོགས་ཆེན་སྐབས་བརྒྱད་པ་དང་དངུལ་གཏོང་ཞིབ་བསྡུར་ཚོགས་འདུ་སྐབས་དྲུག་པ་ཚེས་གཉིས་ཉིན་ཐུ་ནི་ཞི་ཡཱ་ནས་སྤེལ། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཞའོ་ཀོང་དང་། ཀྲུང་གོའི་ཉོ་ཚོང་སྐུལ་འདེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀའོ་ཡན། ཐུ་ནི་ཞི་ཡཱའི་ཙུང་ལི་ཧྲ་ཧི་ཏི། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ཨ་ལི་སོགས་གྲོས་ཚོགས་ལ་ཞུགས། 

ཧྲ་ཧི་ཏི་ཡིས་བརྒྱུད་གཅིག་ལམ་གཅིག་གི་འདོད་བློར་གཟེངས་བསྟོད་ཆེན་པོ་བྱས་པ་དང་། འདོད་བློ་དེས་ཀྲུང་གོ་དང་ཐུ་ནི་ཞི་ཡཱ་སོགས་ཨ་རབ་རྒྱལ་ཁབ་དག་གི་མཉམ་ལས་ལ་ཐོལ་བརྒལ་ཆེན་པོ་འབྱུང་དུ་འཇུག་སྲིད་པ་ནན་བཤད་བྱས། ཁོས་བསྟན་དོན། ཐུ་ནི་ཞི་ཡཱ་ཡིས་ཀྲུང་གོའི་དངུལ་གཏོང་དེ་ཡོ་རོབ་གླིང་དང་ཨ་ཧྥེ་རི་ཁ་གླིང་དུ་རྒྱུན་བསྲིངས་སའི་ས་ཁོངས་ལྟེ་གནས་སུ་འགྱུར་བར་བརྩོན་བཞིན་ཡོད་པ་དང་། ཐུ་ནི་ཞི་ཡཱའི་ཁེ་ལས་པས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལས་འདོན་སྤྲོད་བྱས་པའི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ཏེ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་དགོས་ཟེར། 

ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དག་གི་ཁེ་ལས་པ་དྲུག་བརྒྱ་ལྷག་སྐབས་འདིའི་དུས་ཡུན་ཉིན་གཅིག་གི་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་མཇུག་སྒྲིལ་རྗེས་ཐུ་ནི་ཞི་ཡཱའི་བསྒྲགས་གཏམ་སྤེལ། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།