ཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ཙེ་ཡུན་གྱིས་ཐི་ལིང་ཕུའུ་དང་མཉམ་དུ་ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་སླར་གསོ་བྱེད་པར་གྲོས་བསྡུར་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཟླ་བཞི་བའི་ཚེས་གཅིག་ཉིན་བཤད་རྒྱུར། གཟའ་འཁོར་རྗེས་མར་ཨ་མེ་རི་ཁར་འཚམས་འདྲི་བྱེད་སྐབས། ཁོས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་མཉམ་དུ་ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་སླར་གསོ་བྱེད་པ་སོགས་གནད་དོན་ཐད་ནས་གྲོས་བསྡུར་ཞིབ་ཏུ་བྱེད་རྒྱུ་ཡིན་ཟེར།

ཝུན་ཙེ་ཡུན་གྱིས་ཉིན་དེར་ཆིན་ཝ་ཐེའི་དབུ་བཞུགས་དྲུང་ཡིག་ཆེན་མོ་དང་ལས་རོགས་པའི་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བཤད་རྒྱུར། ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་གྲོས་མོལ་ཐེངས་གཉིས་པ་ནས་གྲོས་མཐུན་འགོད་མ་ཐུབ་པ་དང་། ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེའི་འཕེལ་རིམ་གནས་སྐབས་སུ་དཀའ་ཁག་ལ་འཕྲད་ཡོད་ཀྱང་། ཧན་གོ་དང་ཁྲའོ་ཞན། ཨ་མེ་རི་ཁ་བཅས་སུ་ཡིན་ཡང་སྔོན་ཆད་ཀྱི་ཛ་དྲག་གི་གནས་བབ་ཏུ་ལོག་འདོད་མེད་པ་ཁོ་ཐག་རེད་ཟེར།

ཝུན་ཙེ་ཡུན་གྱིས་བཤད་རྒྱུར། ཨ་མེ་རི་ཁར་འཚམས་འདྲི་བྱེད་སྐབས། ཁོས་ཐི་ལིང་ཕུའུ་དང་མཉམ་དུ་ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་སླར་གསོ་བྱེད་པ་དང་། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ། ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་དང་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བར་སྐུལ་འདེད་གཏོང་བར་གྲོས་བསྡུར་ཞིབ་མོ་བྱེད་རྒྱུ་ཡིན་ཟེར།

ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན། ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡིས་ཁྱབ་སྒྲོག་བྱས་དོན། ཝུན་ཙེ་ཡུན་གྱིས་ཟླ་བཞི་བའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་ཨ་མེ་རི་ཁར་འཚམས་འདྲི་བྱས་ཏེ་ཐི་ལིང་ཕུའུ་དང་གྲོས་མོལ་བྱེད་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།