ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ནུབ་ཕྱོགས་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་མི་ཉེར་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གསར་འགྱུར་ལས་རིགས་ཀྱིས་ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་བསྒྲགས་པ་ལྟར་ན། བསྟུད་མར་ཉིན་འགའི་རིང་ཆར་བ་ཆེན་པོ་བབས་པ་ལས་ཨ་ཧྥུའུ་ཧན་ནུབ་ཕྱོགས་ས་ཁུལ་དུ་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། མི་ཉེར་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་ཅུ་ལྷག་ལ་རྨས་ཕོག་ཟེར། 

ཨ་ཧྥུའུ་ཧན་ནུབ་ཕྱོགས་ཀྱི་ཧི་ལཱ་ཐི་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཧྥ་ཧཱ་ཏི་ཡིས་བཤད་རྒྱུར། ཚེས་ཉེར་བརྒྱད་ཉིན་དྲག་ཆར་ལས་ཞིང་ཆེན་དེར་ཆུ་ལོག་གི་གནོད་འཚེ་བྱུང་སྟེ། མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔར་རྨས་ཕོག དབྱིན་མུའུ་སྟོང་ཕྲག་འགའི་ས་ཞིང་དང་ཁང་བ་བརྒྱ་ཕྲག་འགར་གཏོར་བརླག་ཐེབས། མི་སྟོང་ཕྲག་མང་བོ་བདེ་འཇགས་ས་ཁུལ་བསྐྱལ་ཡོད་ཟེར། 

ས་དེའི་དཔོན་རིགས་ཀྱིས་བཤད་རྒྱུར། དེའི་ཉེ་འདབས་ཀྱི་པཱ་ཏི་ཅི་སི་ཞིང་ཆེན་དང་ནུབ་བྱང་ཕྱོགས་ཀྱི་ཧྥ་ལི་ཡཱ་པུའུ་ཞིང་ཆེན་དུ་སོ་སོར་ཆུ་ལོག་གི་གནོད་འཚེ་ལས་མི་བརྒྱད་དང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་བྱིས་པ་གཉིས་གར་སོང་རྙེད་མེད་ཟེར། ཧྥ་ལི་ཡཱ་པུའུ་ཞིང་ཆེན་ནས་ཚོང་ཁང་བརྒྱ་ཕྲག་མང་བོ་དང་། ས་ཞིང་དབྱིན་མུའུ་སྟོང་གསུམ། སྡོད་ཁང་སྟོང་གཉིས་དང་ལྔ་བརྒྱ་ལྷག་ལ་གཏོར་བརླག་ཐེབས། ཆུ་ལོག་གིས་ད་རུང་གཞུང་ལམ་གྱི་ཟམ་པ་བཅུ་ཕྲག་འགའ་ཁུར་བ་དང་། ཞིང་ཆེན་ནང་ཁུལ་གྱི་གཞུང་ལམ་སྐོར་ཞིག་ལ་གཏོར་བརླག་ཐེབས་ཡོད་ཟེར། 

ཨ་ཧྥུའུ་ཧན་ས་གནས་སྲིད་གཞུང་གིས་གནོད་འཚེའི་གྱོང་གུད་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། ཤི་རྨས་ཐེབས་པའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།