ཀྲུང་གོ་བོད་ཀྱི་དྲ་བ།

པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན་གྱི་ཕྱི་དྲོར་ཀྲུང་གོའི་ཧེ་ནན་པའོ་ཨོ་ནས་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་བཀོད་པ་དང་། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་ཨེ་ཤ་ཡཱ་དང་འཛམ་གླིང་དཔལ་འབྱོར་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་གཏོང་རྒྱུ་རེད། 

བཟོད་སྒོམ་བརྗེད་ཐོ་དེ་པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་དྲུང་ཡིག་ཆེན་མོ་ལིས་པའོ་ཏུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ལིག་ཀྲིན་མེན་གཉིས་ཀྱིས་མཉམ་དུ་བརྗེད་ཐོ་བཀོད། 

ལིས་པའོ་ཏུང་གིས་བསྟན་དོན། ཐེངས་འདིར་ཕྱོགས་གཉིས་ཀྱིས་བཀོད་པའི་གྲོས་མཐུན་ལས་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་གཏན་འཁེལ་གསལ་བོ་བྱས་ཡོད་དེ། དེ་ནི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱས་ནས་འཛམ་གླིང་དཔལ་འབྱོར་བཟོད་སྒོམ་དང་རྒྱུན་མཐུད་འཕར་སྣོན་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། ཕྱོགས་གཉིས་ཀྱིས་འབྲེལ་ཡོད་ཕྱོགས་སོ་སོས་སྤྱི་ཚོགས་དང་དཔལ་འབྱོར། ཁོར་ཡུག་བཅས་ཀྱི་གནད་དོན་ཐད་ཀྱི་མཐོ་རིམ་རྒྱལ་སྤྱིའི་གྲོས་མོལ་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ད་རུང་རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་བྱས་ནས་ཨེ་ཤ་ཡཱའི་དཔལ་འབྱོར་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་བྱ་འགུལ་མཉམ་དུ་སྤེལ་དགོས་ཟེར། 

ལིས་པའོ་ཏུང་གིས་བཤད་རྒྱུར། པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ཀྱི་འཕེལ་རྒྱས་འདུ་ཤེས་དང་འགན་འཁྲི་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྐུལ་འདེད་གཏོང་བཞིན་པའི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དང་ཧ་ཅང་མཐུན་པས། མཉམ་ལས་ལ་བརྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྲུང་སྐྱོབ་རིང་ལུགས་དང་ཕྱོགས་གཅིག་རིང་ལུགས་ཀྱི་དོགས་ཟོན་མཐོར་འདེགས་བྱེད་པ་དང་། ཚང་མས་ཐུན་མོང་འགུལ་སྐྱོད་སྤེལ་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པར་འབོད་སྐུལ་བཏང་སྟེ། དཔལ་འབྱོར་འཛམ་གླིང་ཡོངས་ཅན་གྱི་འཕེལ་རྒྱས་ལ་སྲུང་སྐྱོབ་དང་སྐུལ་འདེད་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པ་དང་། སྒྲིག་སྲོལ་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་དང་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོབ་བྱས་ནས། ཨེ་ཤ་ཡཱ་དང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཐད་ནས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དུ་འཇུག་དགོས་ཟེར། 

པའོ་ཨོ་ཨེ་ཤ་ཡཱའི་གླེང་སྟེགས་ནི་སྲིད་གཞུང་མ་ཡིན་པ་དང་ཁེ་སྤོགས་མི་བསམ་པའི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན་པ་དང་། ཉིས་སྟོང་གཅིག་ལོར་བཙུགས་པ་ནས་བཟུང་། ཨེ་ཤ་ཡཱའི་ས་ཁོངས་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱས་ཏེ། ས་ཁུལ་རང་གི་དཔལ་འབྱོར་ཐད་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་རིག་སྟོབས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།