ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁས་ཨེ་ནེ་ཙུའེ་ལཱ་དང་ཨུ་རུ་སིའི་འབྲེལ་བར་ཐེ་གཏོགས་བྱེད་རྩིས་བྱས་པར་སྐྱོན་འཛུགས་བྱས།

    སྤེལ་དུས། : 2019-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་ཨ་ལོས་ཡཱ་སཱ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱ་དང་ཨུ་རུ་སིའི་བར་གྱི་དམག་དོན་ལག་རྩལ་མཉམ་ལས་ཀྱི་ལས་གཞིར་ཐེ་གཏོགས་བྱེད་རྩིས་བྱས་པ་དང་། དེ་ནི་ངོ་གནོངས་དགོས་པའི་བྱ་སྤྱོད་ཅིག་རེད་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཉིན་དེའི་སྔ་དྲོར་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་མཉམ་དུ་ཝེ་ནེ་ཙུའེ་ལཱའི་གནས་བབ་ཐད་ནས་ཁ་པར་གྲོས་མོལ་བྱས། ཕིན་ཕའེ་ཨོ་ཡིས་ཁ་པར་གཏོང་སྐབས་བཤད་རྒྱུར། ཨ་མེ་རི་ཁ་དང་ས་ཁུལ་གྱི་རྒྱལ་ཁབ་དག་གིས་ཨུ་རུ་སི་ཡིས་ཝེ་ནེ་ཙུའེ་ལཱའི་གནས་བབ་ཛ་དྲག་ཏུ་བཏང་བ་སྣང་མེད་དུ་བསྐྱུར་མི་སྲིད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་མུ་མཐུད་དུ་ཝེ་ནེ་ཙུའེ་ལཱ་རུ་དམག་དོན་མི་སྣ་མངག་གཏོང་བྱེད་པ་དང་། མཱ་ཏུའུ་ལོ་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པའི་བྱ་སྤྱོད་དེས་ཝེ་ནེ་ཙུའེ་ལཱའི་མིག་སྔའི་ཛ་དྲག་གི་གནས་བབ་ཐག་གཅོད་བྱེད་པར་འགོར་འགྱངས་བྱེད་སྲིད་ཟེར། 

ཨ་ལོས་ཡཱ་སཱ་ཡིས་བཤད་རྒྱུར། འབྱུང་སྲིད་པའི་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་བཙན་འཛུལ་མདུན་ནས། ཝེ་ནེ་ཙུའེ་ལཱ་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་ཁག་ཅིག་བར་གྱི་དམག་དོན་མཉམ་ལས་སྲུང་འཛིན་བྱས་ཏེ། མི་དམངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པར་ཤུགས་སྣོན་རྒྱུ་ཡིན་ཟེར། 

ཨ་ལོས་ཡཱ་སཱ་ཡིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལཱར་དྲག་ཤུགས་འཇིགས་སྐུལ་བྱས་པ་དང་། དཔལ་འབྱོར་བཀག་སྡོམ་བྱས་ཏེ། ཝེ་ནེ་ཙུའེ་ལཱའི་སྲིད་འགྱུར་ལ་ངན་སྐུལ་བྱེད་རྩིས་བྱས། བྱ་སྤྱོད་དེ་དག་ནི་ངེས་པ་དོན་གྱིས་ཝེ་ནེ་ཙུའེ་ལཱའི་རྒྱལ་ནང་གི་གནས་བབ་ཛ་དྲག་ཏུ་གཏོང་བའི་རྒྱུ་རྐྱེན་གཙོ་བོ་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།