ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་སག་སི་ཐན་གྱི་ཙུང་ཐུང་གིས་ཙུང་ཐུང་བཀའ་རྒྱ་བཀོད་དེ་རྒྱལ་སའི་མིང་དངོས་སུ་ནོའུ་ཨར་སུའུ་ཏན་ཞེས་སུ་བསྒྱུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཚེས་ཉེར་གསུམ་ཉིན་ཙུང་ཐུང་བཀའ་རྒྱ་བཀོད་དེ། རྒྱལ་སའི་མིང་དེ་དངོས་སུ་ཨ་སི་ཐཱ་ནཱ་ནས་ནོའུ་ཨར་སུའུ་ཏན་དུ་བསྒྱུར་བ་རེད། 

ཙུང་ཐུང་གི་བཀའ་རྒྱ་ལས་བཤད་རྒྱུར། ཧཱ་སག་སི་ཐན་གྱི་འབྲེལ་ཡོད་བཅའ་ཁྲིམས་ལ་གཞིགས་ཏེ། རྒྱལ་སའི་མིང་དེ་ཨ་སི་ཐཱ་ནཱ་ནས་ནོའུ་ཨར་སུའུ་ཏན་དུ་བསྒྱུར་བ་ཡིན་ལ། ཙུང་ཐུང་གི་བཀའ་རྒྱ་དེ་བཀོད་པའི་ཉིན་དེ་ནས་བཟུང་ནུས་ལྡན་དུ་གྱུར་བ་ཡིན་ཟེར། 

ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཟླ་འདིའི་ཚེས་ཉི་ཤུའི་ཉིན་དམ་བཅའ་བཞག་སྟེ་ཙུང་ཐུང་གི་འགན་ཁུར་བ་རེད། ཁོས་ལས་འགན་ཁུར་བའི་གཏམ་བཤད་ཁྲོད་རྒྱལ་སའི་མིང་དེ་ཨ་སི་ཐཱ་ནཱ་ནས་ཙུང་ཐུང་ཐོག་མ་ནོའུ་ཨར་སུའུ་ཏན་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡི་མིང་དུ་བསྒྱུར་ནས་ནོའུ་ཨར་སུའུ་ཏན་ཞེས་སུ་བཏགས་ཏེ། ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་ཧཱ་སག་སི་ཐན་ལ་བཞག་པའི་བྱས་རྗེས་ལ་རྗེས་དྲན་བྱ་དགོས་པའི་གྲོས་གཞི་བཏོན་མྱོང་། དེའི་རྗེས་སུ་ཧཱ་སག་སི་ཐན་གྱི་གྲོས་ཁང་གོང་ཞོལ་གཉིས་ཀྱི་མཉམ་ཞུགས་གྲོས་ཚོགས་ནས་ཐའོ་ཁཱ་ཡེ་ཧྥུའུ་ཡིས་སྤྲད་པའི་འབྲེལ་ཡོད་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།