ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་དང་མཱ་ལེ་ཞི་ཡཱ་ཡིས་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱི་ཙུང་ལི་དབྱེ་མུའུ་ལན་ཧན་གྱིས་འཚམས་འདྲིར་ཡོང་བའི་མཱ་ལེ་ཞི་ཡཱའི་ཙུང་ལི་མཱ་ཧཱ་ཏིས་ཨར་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པ་དང་དབྱི་སི་ལན་གྱི་འཇིགས་དངངས་ནད་ཐག་གཅོད་བྱེད་པའི་ཐད་ནས་མཉམ་ལས་བྱེད་པར་འཐད་པ་བྱུང་། ཉིན་དེར་རྒྱལ་ཁབ་གཉིས་ཀྱི་ཚོང་ལས་སྡེ་ཚོགས་ཀྱིས་ད་རུང་ཚོང་ལས་མཉམ་ལས་ཀྱི་བཟོད་སྒོམ་བརྗེད་ཐོ་མང་བོ་བཀོད། 

མཱ་ཧཱ་ཏིས་ཨར་གྱིས་གྲོས་མོལ་བྱས་རྗེས་ཀྱི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཉེ་སྔོན་ནེའུ་ཙེ་ལན་དུ་བྱུང་བའི་མེ་མདས་བརྒྱབ་པའི་དོན་རྐྱེན་ལས་དབྱི་སི་ལན་གྱི་འཇིགས་དངངས་ནད་ཀྱི་ཤུགས་རྐྱེན་གསལ་བོར་མངོན་ཡོད། བྱེད་ཐབས་བཙལ་ནས་དབྱི་སི་ལན་གྱི་འཇིགས་དངངས་ནད་དེ་ཐག་གཅོད་བྱེད་དགོས་ཟེར། ཁོས་ད་རུང་བསྟན་དོན། ཕཱ་ཁི་སི་ཐན་དང་མཉམ་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་ནས་བརྡ་འཕྲིན་བརྗེ་སྤོར་བྱེད་པའི་རེ་བ་ཡོད་ཟེར། 

དབྱེ་མུའུ་ལན་ཧན་གྱིས་བསྟན་དོན། དབྱི་སི་ལན་རྒྱལ་ཁབ་ཀྱིས་འཛམ་གླིང་ཡོངས་ཀྱིས་མུའུ་སི་ལིན་མང་ཚོགས་ལ་བཟུང་བའི་ངོས་འཛིན་བསྒྱུར་དགོས་པ་དང་། འཇིགས་སྐུལ་རིང་ལུགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཀྱི་ཞི་བདེ་དང་གཏན་འཇགས་ལ་གནོད་པ་ཚབས་ཆེན་བཟོས་ཡོད། ཁོས་མཱ་ཧཱ་ཏིས་ཨར་གྱི་མཱ་ལེ་ཞི་ཡཱའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་ལ་གཟེངས་བསྟོད་བྱས་པ་དང་། རུལ་སུངས་ནི་མིའི་རིགས་འཕེལ་རྒྱས་བགྲོད་ལམ་གྱི་བཀག་རྒྱ་རེད་ཟེར། 

ཉིན་དེར་དབྱེ་མུའུ་ལན་ཧན་དང་མཱ་ཧཱ་ཏིས་ཨར་གཉིས་ཀྱིས་ད་རུང་རྒྱལ་ཁབ་གཉིས་ཀྱི་ཚོང་ལས་སྡེ་ཚོགས་མང་བོས་མཉམ་ལས་བཟོད་སྒོམ་བརྗེད་ཐོ་འགོད་པར་བདེན་དཔང་བྱས། བརྗེད་ཐོ་དེ་དག་རླངས་འཁོར་དང་འཕྲིན་གཏོང་སོགས་ལས་རིགས་ལ་འབྲེལ་ཡོད། 

དབྱེ་མུའུ་ལན་ཧན་གྱིས་བརྗེད་ཐོ་འགོད་པའི་མཛད་སྒོའི་སྟེང་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་པུའུ་ཀྲང་རིམ་པའི་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ཏེ། དུས་བཅད་ལྟར་ཕྱོགས་གཉིས་ཀྱི་ཉོ་ཚོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་གྲོས་བསྡུར་བྱེད་རྒྱུ་ཐག་བཅད་ཡོད་ཟེར། མཱ་ཧཱ་ཏིས་ཨར་གྱིས་བཤད་རྒྱུར། མཱ་ལེ་ཞི་ཡཱས་ཕཱ་ཁི་སི་ཐན་བར་གྱི་ཉོ་ཚོང་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། ཕཱ་ཁི་སི་ཐན་བར་གྱི་ཉོ་ཚོང་འགྲོ་འོང་ཇེ་མང་དུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱིས་ཇི་ལྟར་མཉམ་ལས་བྱེད་པ་དང་ཕྱོགས་གཉིས་ཀྱི་ཁེ་ལས་ལ་གྲོས་མོལ་དང་མཉམ་ལས་ཀྱི་གོ་སྐབས་འདོན་སྤྲོད་བྱེད་པར་གྲོས་བསྡུར་བྱེད་འདོད་ཡོད་ཟེར། 

ཕཱ་ཁི་སི་ཐན་གྱི་ནོར་སྲིད་བློན་ཆེན་ཨོ་མཱ་ཨར་གྱིས་བརྗེད་ཐོ་འགོད་པའི་མཛད་སྒོའི་སྟེང་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ད་རུང་ཕན་ཚུན་རྒྱལ་ཁབ་ནས་དངུལ་ཁང་ལས་ཁུངས་འཛུགས་པར་འཐད་པ་བྱུང་བ་དང་། འགོག་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། 

མཱ་ཧཱ་ཏིས་ཨར་ཚེས་ཉེར་གཅིག་ཉིན་དབྱི་སི་ལན་པའོ་རུ་འབྱོར་ནས། ཕཱ་ཁི་སི་ཐན་ལ་དུས་ཡུན་ཉིན་གསུམ་གྱི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།