ཀྲུང་གོ་བོད་ཀྱི་དྲ་བ།

ནཱ་སྨི་པུ་ཡཱའི་དབུས་ཕྱོགས་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིནལྟར།  ནཱ་སྨི་པུ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་དེའི་དབུས་བྱང་ཕྱོགས་ཀྱི་ཨོ་ཐཱ་ཝེ་གྲོང་ཁྱེར་ཉེ་འདབས་སུ་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། མི་བཅུ་གསུམ་རྐྱེན་ལམ་དུ་ཤོར། 

གསལ་སྒྲོག་ལས་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་གཉིས་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་ཨོ་ཐཱ་ཝེ་ཉེ་འདབས་ཀྱི་གཞུང་ལམ་གཙོ་བོའི་སྟེང་ཐོ་བརྒྱབ་མ་ཐག་རླངས་འཁོར་མེར་འབར། མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། ཁ་ལོ་བ་དང་བཅས་པའི་རྨས་མ་བཅུ་དགུ་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། འདས་པོའི་བེམ་པོ་རྒྱལ་ས་ཝུན་ཏི་ཧི་ཁི་རུ་ཁྱེར་ནསDNAདཔྱད་ཞིབ་བྱས་ཏེ་ཐོབ་ཐང་ངོས་འཛིན་བྱེད་རྒྱུ་ཡིན་པ་དང་། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

ནཱ་སྨི་པུ་ཡཱའི་ཙུང་ཐུང་ཀིན་ཀི་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། དོན་རྐྱེན་དེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་ལ་མྱ་ངན་ཞུས་པ་དང་། ཞོར་དུ་ཁ་ལོ་བ་དག་གིས་བདེ་འཇགས་ལ་སེམས་ཆུང་བྱ་དགོས་པ་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་སྐོར་གཡེང་ལ་ཤུགས་སྣོན་བྱས་ཏེ། བདེ་འཇགས་ཀྱི་འགྲིམ་འགྲུལ་ཁོར་ཡུག་ཅིག་བསྐྲུན་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།