ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་སྲིད་གཞུང་དམག་དཔུང་དང་ཁུའུ་ཨར་ཏི་དྲག་ཆས་པའི་བར་འཁྲུག་རྩོད་བྱུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་དམག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། དབྱི་རག་སྲིད་གཞུང་དམག་མི་དང་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་མི་སྣའི་བར་ཉིན་དེའི་དགོང་མོར་བྱང་ཕྱོགས་ཀྱི་ནེ་ནེ་ཝེ་ཞིང་ཆེན་ནས་འཁྲུག་རྩོད་བྱུང་སྟེ། སྲིད་གཞུང་གི་དམག་མི་གཉིས་རྐྱེན་ལམ་དུ་ཤོར། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་མི་སྣས་རླངས་འཁོར་བསྐོར་ཏེ་ནེ་ནེ་ཝེ་ཞིང་ཆེན་གྱི་ཞིན་ཅཱ་ཨར་གྲོང་རྡལ་ཉེ་འདབས་ཀྱི་ཞིབ་བཤེར་ས་ཚིགས་ཤིག་བརྒྱུད་སྐབས་དཔང་ཡིག་མ་བསྟན་པར་ལས་འགན་ལག་བསྟར་བྱེད་པའི་དམག་མིའི་བར་འགལ་བ་བྱུང་། དེའི་རྗེས་སུ་ཕྱོགས་གཉིས་བར་འཁྲུག་རྩོད་བྱུང་སྟེ་སྲིད་གཞུང་གི་དམག་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་མི་སྣ་ལྔར་རྨས་ཕོག་ཟེར། 

ཁུའུ་ཨར་ཏི་བཟོ་བའི་ཏང་དེ་གཅིག་སྟོང་དགུ་བརྒྱ་དོན་དགུའི་ལོར་བཙུགས་པ་དང་། དྲག་ཤུགས་ལ་བརྟེན་ནས་ཐུར་ཁེ་དང་དབྱི་རག དབྱི་ལིང་། སི་རི་ཡཱ་བཅས་རྒྱལ་ཁབ་བཞིའི་འབྲེལ་མཚམས་ས་ཁུལ་དུ་ཁུའུ་ཨར་ཏི་བའི་འདུས་སྡོད་ས་ཁུལ་དུ་སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་པར་བརྩོན་ལེན་བྱེད་བཞིན་ཡོད། དེའི་དྲག་ཆས་མི་སྣ་དག་མིག་སྔར་གཙོ་བོ་དབྱི་རག་བྱང་ཕྱོགས་དང་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་བའི་འདུས་སྡོད་ས་ཁུལ་དུ་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།