ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་གོའི་རྒྱལ་ཁབ་ལྟ་རྟོག་ཆེད་དོན་པའི་ལས་དོན་ཁང་གིས་ཙུང་ལི་པཱ་ཡུས་ལ་འདེམ་བསྐོ་ལ་ཞུགས་པའི་ཐོབ་ཐང་ཡོད་པ་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐེ་གོའི་རྒྱལ་ཁབ་ལྟ་རྟོག་ཆེད་དོན་པའི་ལས་དོན་ཁང་གི་དྲུང་ཡིག་ཆེན་མོ་ལཱ་ཧྲ་ཀི་ཁྲ་ཡིས་ཚེས་བཅུ་བཞིའི་ཉིན་མན་ཀུའུ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། སྤྱི་ཚོགས་ཀྱི་མི་སྣས་བཏོན་པའི་རེ་བར་དམིགས་ཏེ། རྒྱལ་ཁབ་ལྟ་རྟོག་ཆེད་དོན་པའི་ལས་དོན་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད། ད་ལྟའི་ཙུང་ལི་པཱ་ཡུས་ཀྱིས་རྒྱལ་ཡོངས་ཀྱི་ཞི་བདེའི་སྒྲིག་ལམ་སྲུང་སྐྱོབ་བྱེད་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་ཡོད་ཀྱང་། ཁོ་རང་འདེམ་བསྐོ་ལ་ཞུགས་པའི་ཐོབ་ཐང་ཡོད་ཟེར། 

ཐེ་གོའི་རྩ་ཁྲིམས་ལས་སྲིད་གཞུང་ལས་ཁུངས་དང་། རྒྱལ་གཉེར་ཁེ་ལས་ཀྱི་ལས་བྱེད་མི་སྣ། གླ་མི། དེ་མིན་སྲིད་གཞུང་གི་ལས་བྱེད་མི་སྣ་གཞན་པ་དག་གིས་འདེམ་བསྐོ་ཆེན་མོའི་རྗེས་སུ་ཙུང་ལིའི་འགན་ཁུར་མི་རུང་བ་གཏན་འཁེལ་བྱས་ཡོད། སྤྱི་ཚོགས་མི་སྣས་དེ་གཞིར་བཟུང་ནས་བལྟས་ན། རྒྱལ་ཡོངས་ཀྱི་ཞི་བདེའི་སྒྲིག་ལམ་སྲུང་སྐྱོབ་བྱེད་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ལས་འགན་དེ་སྲིད་གཞུང་གི་ལས་བྱེད་མི་སྣ་གཞན་པར་གཏོགས་པས། རྒྱལ་ཁབ་ལྟ་རྟོག་ཆེད་དོན་པའི་ལས་དོན་ཁང་ལ་སྤྲད་དེ་ཐག་གཅོད་བྱེད་དུ་འཇུག་དགོས་པར་འདོད། 

ལཱ་ཧྲ་ཀི་ཁྲ་ཡིས་བཤད་རྒྱུར། རྩ་ཁྲིམས་ཁྲིམས་ཁང་གི་སྔོན་གྱི་འགྲེལ་བཤད་ལྟར་ན། སྲིད་གཞུང་གི་ལས་བྱེད་མི་སྣ་གཞན་པ་དེ་ངེས་པར་དུ་ཁྲིམས་ལྟར་བསྐོ་འཇོག་དང་ཡང་ན་འདེམ་བསྐོ་ལས་བདམས་ཐོན་བྱ་དགོས། པཱ་ཡུས་ཀྱིས་འགན་ཁུར་བའི་རྒྱལ་ཡོངས་ཞི་བདེའི་སྒྲིག་ལམ་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ལས་འགན་ནི་སྲིད་འགྱུར་བྱུང་རྗེས་རྒྱལ་བོར་སྙན་ཞུ་བྱས་ཏེ་བསྐོ་འཇོག་བྱས་པ་ལས། བཅའ་ཁྲིམས་གཞིར་བཟུང་མེད་པའི་བསྐོ་འཇོག་མ་ཡིན་ཟེར། 

ལཱ་ཧྲ་ཀི་ཁྲ་ཡིས་བསྟན་དོན། སྲིད་གཞུང་གི་ལས་བྱེད་མི་སྣ་གཞན་པར་སྲིད་གཞུང་ནང་མཛུབ་སྟོན་འགན་ནུས་འདོན་སྤེལ་བྱེད་པའི་ཁྱད་ཆོས་ལྡན་ལ། རྒྱལ་ཡོངས་ཞི་བདེའི་སྒྲིག་ལམ་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡིས་སྲིད་གཞུང་ལ་མཛུབ་སྟོན་མི་སྲིད་ལ། སྲིད་གཞུང་གི་མཛུབ་སྟོན་གྱི་དང་ལེན་བྱས་མེད། དུས་སྐབས་ངེས་ཅན་ཞིག་གི་ནང་ཆེས་མཐོའི་སྲིད་འཛིན་དབང་ཆ་ལྡན་པས། སྲིད་གཞུང་གི་ལས་བྱེད་མི་སྣ་གཞན་པ་མིན་ཟེར། 

ཐེ་གོ་ཡི་འདེམ་བསྐོ་ཆེན་མོ་དེ་ཟླ་གསུམ་པའི་ཚེས་ཉེར་བཞིའི་ཉིན་སྤེལ་རྒྱུ་རེད། པཱ་ཡུས་སྲིད་གཞུང་གི་སྔོན་ཆད་ཀྱི་པུའུ་ཀྲང་བཞི་ཡིས་གྲུབ་པའི་མི་དམངས་རྒྱལ་ཁབ་སྟོབས་ཤུགས་ཏང་གིས་པཱ་ཡུས་ཏང་དེའི་ཙུང་ལིའི་འདེམ་སྒུག་མི་སྣར་མིང་བཏོན་ཡོད། ལཱ་ཧྲ་ཀི་ཁྲ་ཡིས་བཤད་རྒྱུར། ཐེ་གོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་མི་དམངས་རྒྱལ་ཁབ་སྟོབས་ཤུགས་ཏང་གིས་པཱ་ཡུས་ཙུང་ལིའི་འདེམ་སྒུག་མི་སྣར་མིང་བཏོན་པ་དང་། པཱ་ཡུས་འདེམ་སྒུག་མི་སྣའི་མིང་ཐོའི་ནང་བཞག་པ་དེ་རྩ་ཁྲིམས་དང་འཚམ་པ་ཡིན་ཟེར། 

མིག་སྔར་ཏང་ཁག་སོ་སོའི་བར་པཱ་ཡུས་འདེམ་བསྐོར་ཞུགས་པར་རྒྱབ་སྐྱོར་བྱེད་མིན་གྱི་གནད་དོན་ཐད་འགལ་བ་ཆེན་པོ་གནས་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།