ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་གྲོས་ཁང་གིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་གྲོས་ཁང་གིས་ཚེས་བཅུ་གསུམ་ཉིན་གྲོས་ཆོད་ཅིག་བཀོད་དེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་དངོས་སུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། ཐུར་ཁེ་ཕྱོགས་ཀྱིས་ཆོད་དོན་དེར་རྒོལ་གཏམ་བཏང་བ་དང་། ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་བརྩོན་པ་ལྷོད་མི་སྲིད་པའི་ཚུལ་བསྟན། 

ཡོ་རོབ་གླིང་གྲོས་ཁང་གིས་ཉིན་དེར་འདེམ་ཤོག་སུམ་བརྒྱ་དང་བདུན་ཅུ་ཡིད་འཐད་བྱུང་བ་དང་། འདེམ་ཤོག་བརྒྱ་དང་དགུ་ཡིས་ངོ་རྒོལ་བྱས་ལ། འདེམ་ཤོག་བརྒྱ་དང་ཞེ་གསུམ་གྱིས་དབང་ཆ་བསྐྱུར་བའི་མཇུག་འབྲས་ཀྱིས་བཅའ་ཁྲིམས་ཀྱི་བཀག་རྒྱ་མེད་པའི་གྲོས་ཆོད་དེར་གྲོས་འཆམ་བྱུང་བ་དང་། ཐུར་ཁེ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མཚམས་འཇོག་དགོས་པའི་གྲོས་གཞི་བཏོན། དེའི་རྒྱུ་མཚན་ནི་ཐུར་ཁེ་ལ་འགྲོ་མིའི་ཐོབ་ཐང་དང་ཁྲིམས་སྐྱོང་ལ་འགལ་བའི་བྱ་སྤྱོད་ཡོད་པས་ཡིན་ལ། དངོས་སུ་མཚམས་འཇོག་མིན་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་མཇུག་མཐར་ཐག་གཅོད་བྱེད་དགོས་ཟེར། 

ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་གྲོས་ཁང་གིས་གྲོས་ཆོད་བཀོད་པ་དེ་ཐུར་ཁེ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཉམ་ལས་འབྲེལ་བ་སླར་གསོ་བྱེད་པའི་སྐབས་ལ་འཁེལ་ཡོད། ཆོད་དོན་དེ་ཐུར་ཁེ་ལ་མཚོན་ན་དོན་སྙིང་ཅི་ཡང་མེད་ཟེར། 

གྲོས་ཆོད་ཀྱི་ནང་དོན་ལ་ནང་འགལ་དང་ཕྱོགས་རིས་ཀྱིས་ཁེངས་ཡོད་ཀྱང་། ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཁ་ཚིག་ཅུང་འཇམ་པོའི་སྒོ་ནས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པ་ནི་སྔར་བཞིན་ཐུར་ཁེའི་འཐབ་ཇུས་དམིགས་འབེན་ཡིན་པ་ནན་བཤད་བྱས་ཡོད་ཟེར། 

ཐུར་ཁེ་ཡིས་གཅིག་སྟོང་དགུ་བརྒྱ་གྱ་བདུན་ལོར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་རེ་ཞུ་བྱས་པ་དང་། གཅིག་སྟོང་དགུ་བརྒྱ་གོ་དགུའི་ལོར་འདེམ་སྒུག་རྒྱལ་ཁབ་ཀྱི་ཐོབ་ཐང་ཐོབ། ཉིས་སྟོང་ལྔ་ལོར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་བརྩམས་ཀྱང་། གྲོས་མོལ་དེའི་བརྒྱུད་རིམ་ཁྲོད་བཀག་རྒྱ་རབ་དང་རིམ་པ་བྱུང་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།