ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་ཙུང་ཐུང་གིས་དབྱི་རག་ཏུ་འཚམས་འདྲི་བྱས་ཏེ་མཉམ་ལས་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གི་ཙུང་ཐུང་སཱ་ལེ་ཧི་ཡིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། དབྱི་རག་དང་དབྱི་ལིང་། དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་གཞན་པའི་ཐུན་མོང་གི་བདེ་འཇགས་མངོན་འགྱུར་བྱེད་པར་སྔར་ལས་མང་བའི་མཉམ་ལས་མཁོ་གལ་ཆེ་ཟེར། 

སཱ་ལེ་ཧི་ཡིས་ཉིན་དེར་རྒྱལ་ས་པཱ་ཀ་ཏཱ་ནས་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་དང་ཆུའི་ཐོན་ཁུངས། རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་སོགས་གྲོས་གཞིར་གྲོས་བསྡུར་བྱས། སཱ་ལེ་ཧི་ཡིས་གྲོས་མོལ་བྱས་རྗེས་ཀྱི་མཉམ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འཇིགས་སྐུལ་རིང་ལུགས་དེ་རྩ་བ་ནས་ཚར་གཅོད་བྱས་མེད་པ་དང་། དབྱི་རག་དང་དབྱི་ལིང་། དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་གཞན་པས་ངེས་པར་དུ་མཉམ་ལས་བྱས་ཏེ། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁ་ཡོངས་སུ་ལེན་དགོས་ཟེར། སཱ་ལེ་ཧི་ཡིས་དབྱི་ལིང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ཐད་ནས་དབྱི་རག་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། 

ལུའུ་ཧཱ་ནེ་ཡིས་བཤད་རྒྱུར། དབྱི་ལིང་དང་དབྱི་རག་གི་འབྲེལ་བ་ཟབ་ཅིང་། རྒྱལ་ཁབ་གཉིས་ཀྱི་དངུལ་གཏོང་དང་གནས་སྐོར། ཉོ་ཚོང་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་བར་སྟོང་ཆེན་པོ་ཡོད་ལ། དབྱི་ལིང་གིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར། དབྱི་ལིང་གིས་བལྟས་ན་གཏན་འཇགས་དང་བདེ་འཇགས་ཀྱི་དབྱི་རག་གིས་ས་ཁུལ་ལས་དོན་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་ཐུབ་པར་འདོད། 

ལུའུ་ཧཱ་ནེ་ཚེས་བཅུ་གཅིག་ཉིན་པཱ་ཀ་ཏཱ་རུ་འབྱོར་ནས། དབྱི་རག་ལ་དུས་ཡུན་ཉིན་གསུམ་གྱི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས། དེ་ནི་ལུའུ་ཧཱ་ནེ་ཡིས་ཉིས་སྟོང་བཅུ་གསུམ་ལོར་དབྱི་ལིང་ཙུང་ཐུང་གི་འགན་ཁུར་རྗེས་ཐོག་དང་པོར་དབྱི་རག་ཏུ་འཚམས་འདྲི་བྱས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།