ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་པར་རོགས་འདེགས་བྱེད་དགོས་པའི་རེ་བ་བཏོན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ལྔ་ཉིན་བཤད་རྒྱུར། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་མྱུར་དུ་འཛུགས་པར་རོགས་འདེགས་བྱེད་པར་རེ་བས་ཁེངས་ཡོད་ཟེར། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ལྔ་ཉིན་སྤྱི་སྒྲོག་སྤེལ་ཏེ། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་མཐོ་རིམ་གྲོས་མོལ་ཨུ་ཡོན་ལྷན་ཁང་གི་དབུ་བཞུགས་གྲོས་མོལ་འཐུས་མི་ཧཱ་ལི་ལི་དང་གྲོས་མོལ་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་ལས་སི་རི་ཡཱའི་གནད་དོན་མྱུར་དུ་ཐག་གཅོད་བྱེད་པར་འབྲེལ་འདྲིས་ཀྱི་གོ་སྐབས་འདོན་སྤྲོད་བྱས་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་སི་རི་ཡཱའི་གནད་དོན་གྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་འདོད་ཡོད་པ་དང་། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་ཁོངས་གཏོགས་དག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡཱའི་ཡུལ་གྱར་བར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱ་དགོས་ལ། མང་ཚོགས་ལ་ཆུ་གློག་མཁོ་འདོན་བྱེད་པ་དང་སློབ་གསོ་དང་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་པར་གཞི་རྩའི་ཆ་རྐྱེན་བསྐྲུན་དགོས་ལ། དེ་སི་རི་ཡཱའི་ཡུལ་གྱར་བ་ཡང་བསྐྱར་ཕ་ཡུལ་དུ་ལོག་པར་ཕན་ཐོགས་ཡོད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཧཱ་ལི་ལི་དང་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། གང་མགྱོགས་སྒོས་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་དགོས་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།