སོ་ཏི་ཨ་རབ་དང་ཨུ་རུ་སི་ཡིས་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་དགོས་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་ལས་དོན་གྱི་རྒྱལ་སྲིད་བློན་ཆེན་ཀྲུའུ་པེད་ཨར་གྱིས་ཚེས་བཞིའི་ཉིན་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་དགོས་པར་འདོད་ཡོད། 

བསྒྲགས་པ་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཉིན་དེར་སོ་ཏི་ཨ་རབ་ཏུ་འབྱོར་ནས་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། ལེ་ཡཱ་ཏི་ནས་ཀྲུའུ་པེད་ཨར་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་གཙོ་བོ་སི་རི་ཡཱའི་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད། སི་རི་ཡཱའི་བདག་དབང་ལ་སྲུང་སྐྱོབ་བྱེད་པ་དང་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་པའི་དགོས་གལ་རང་བཞིན་ཁས་ལེན་བྱས། 

ཀྲུའུ་པེད་ཨར་གྱིས་གྲོས་མོལ་བྱས་རྗེས་ཀྱི་མཉམ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་སི་རི་ཡཱའི་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་འགྱུར་ལྡོག་ཅི་ཡང་མེད། སོ་ཏི་ཨ་རབ་ཀྱིས་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པར་བརྩོན་བཞིན་ཡོད་ལ། ཆབ་སྲིད་འཕེལ་རིམ་ལ་ངེས་པར་དུ་གྲུབ་འབྲས་ཐོབ་དགོས། སི་རི་ཡཱ་ནས་ཆབ་སྲིད་ཐག་གཅོད་ཇུས་གཞི་ལ་བརྟེན་ནས་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱུང་རྗེས། ད་གཟོད་རྒྱལ་ཁབ་ཀྱི་བསྐྱར་འཛུགས་སླར་གསོ་བྱེད་ཐུབ་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། ཨུ་རུ་སི་ཡིས་སི་རི་ཡཱའི་ཕྱོགས་ཁག་སོ་སོས་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་པར་རོགས་རམ་བྱེད་བཞིན་ཡོད་པ་དང་། སི་རི་ཡཱའི་མི་དམངས་ཀྱིས་ད་གཟོད་རྒྱལ་ཁབ་རང་གི་ཆབ་སྲིད་སྒྲིག་ལུགས་ཀྱི་རྣམ་པ་ཐག་གཅོད་བྱེད་ཐུབ་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་བསྟན་དོན། ཨུ་རུ་སི་ཡིས་སོ་ཏི་ཨ་རབ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། སོ་ཏི་ཨ་རབ་ཀྱི་དམངས་སྤྱོད་ཉིང་རྡུལ་ནུས་པའི་ལས་གཞིར་རོགས་རམ་བྱེད་པའི་རེ་བ་ཡོད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ལེ་ཡཱ་ཏིའི་མཉམ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་ད་རུང་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱེད་པའི་བྱེ་བྲག་གི་དུས་ཚོད་གཏན་འཁེལ་བྱེད་ཐབས་མེད་ཀྱང་། ཨུ་རུ་སི་ཡིས་དེ་མྱུར་དུ་རྩ་འཛུགས་ཡོངས་འགྲུབ་བྱེད་པར་རེ་བཞིན་ཡོད་ཟེར། 

བསྒྲགས་པ་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ལྔ་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་བོ་སཱ་ལེ་མན་དང་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་པ་ལྟར་ན་ཁོ་གཉིས་ཀྱིས་སི་རི་ཡཱའི་གནས་བབ་དང་། ཡེ་མིན་གྱི་གནས་བབ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སོགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།