ཨ་མེ་རི་ཁ་དང་ཨུ་རུ་སིའི་སྤྱི་ཁྱབ་ཇུས་འདོན་དཔོན་པོས་སི་རི་ཡཱའི་གནད་དོན་ལ་གྲོས་བསྡུར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཇུས་འདོན་དཔོན་པོའི་མཉམ་ཞུགས་གྲོས་ཚོས་ཀྱི་ཀྲུའུ་ཞི་ཏིན་ཧྥུའུ་ཏི་ཡིས་ཚེས་བཞིའི་ཉིན་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་ཨུ་རུ་སིའི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཀི་ལཱ་ཞེ་མའོ་ཧྥུའུ་དང་མཉམ་དུ་སི་རི་ཡཱའི་གནད་དོན་ལ་གྲོས་བསྡུར་བྱས། 

ཨ་མེ་རི་ཁའི་དམག་དཔུང་གི་མཉམ་འབྲེལ་ཇུས་འདོན་པུའུ་ཡི་མགྲིན་ཚབ་པ་ལའེ་ཏི་ཡིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ་གོང་གི་གནས་ཚུལ་དེ་ཁྱབ་སྒྲོག་བྱས། གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་དང་ཨུ་རུ་སི་ཡིས་སི་རི་ཡཱའི་དམག་དོན་འགུལ་སྐྱོད་བར་གྱི་འགལ་བ་ཇི་ལྟར་ཐག་གཅོད་བྱེད་པར་གྲོས་བསྡུར་བྱེད་རྒྱུ་མ་ཟད། ཨ་མེ་རི་ཁ་དང་ཨུ་རུ་སིའི་དམག་དོན་འབྲེལ་བའི་ད་ལྟའི་གནས་བབ་དང་ཡོ་རོབ་གླིང་གི་རྒྱལ་སྤྱིའི་བདེ་འཇགས་གནས་བབ་སོགས་གྲོས་གཞི་གཙོ་བོའི་ཐད་ནས་བསམ་འཆར་བརྗེ་རེས་བྱེད་རྒྱུ་རེད་ཟེར། 

ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་བར་དབྱི་རག་དང་སི་རི་ཡཱ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་དམག་དོན་འགུལ་སྐྱོད་སྤེལ་བ་རེད། ཨུ་རུ་སིའི་དམག་དཔུང་གིས་སི་རི་ཡཱའི་སྲིད་གཞུང་གི་གདན་ཞུས་ལྟར་ཕྱི་ལོའི་ཟླ་དགུ་བ་ནས་བཟུང་སི་རི་ཡཱའི་མངའ་ཁོངས་སུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་ཆམ་ཕབ་གཏོང་མགོ་བརྩམས། 

ཨ་མེ་རི་ཁ་དང་ཨུ་རུ་སིའི་དམག་དོན་གྲོས་གཞི་ལ་ད་རུང་རྒྱལ་ཁབ་གཉིས་ཀྱིས་སྔ་གཞུག་ཏུ་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས་རྗེས་ཀྱི་ཡོ་རོབ་གླིང་གི་ཛ་དྲག་ཏུ་འགྱུར་བའི་བདེ་འཇགས་གནས་བབ་ཀྱང་འདུས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།