དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་གྱིས་ཡེ་མིན་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཞི་བདེའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧིན་ཐི་ཡིས་ཚེས་གསུམ་ཉིན་ཡེ་མིན་གྱི་ཡཱ་ཏེན་དུ་འཚམས་འདྲི་བྱས་པ་དང་། ཡེ་མིན་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཞི་བདེའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་། 

ཧིན་ཐི་ཡིས་ཉིན་དེར་ཡཱ་ཏེན་དུ་འཚམས་འདྲི་བྱས་རྗེས་གསལ་སྒྲོག་སྤེལ་ནས། ཡེ་མིན་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་དེའི་སྔོན་སུའེ་ཏེན་ནས་བཀོད་པའི་གྲོས་མཐུན་དེ་ཆེས་མཇུག་མཐའི་གོ་སྐབས་ལ་འཕྲད་ཡོད། གལ་ཏེ་ཕྱོགས་གཉིས་ཀྱིས་གྲོས་མཐུན་དེ་ལག་བསྟར་མ་བྱས་ན། ཡེ་མིན་གྱི་ཞི་བདེའི་འཕེལ་རིམ་དེ་གཟའ་འཁོར་འགའི་ནང་མཇུག་སྒྲིལ་ངེས་རེད་ཟེར། 

ཧིན་ཐི་ཡིས་ཉིན་དེར་ཡེ་མིན་སྲིད་གཞུང་གི་དཔོན་རིགས་དང་མཉམ་དུ་ཡེ་མིན་གྱི་གནས་བབ་གསར་བར་གྲོས་བསྡུར་བྱས། ཁོས་ད་རུང་བསྟན་དོན། དབྱིན་ཇི་ཡིས་ཡེ་མིན་ལ་རིན་ཐང་དབྱིན་ཇིའི་སྒོར་མོ་དུང་ཕྱུར་གཉིས་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་ཡོད་ཟེར། 

ཧིན་ཐི་ཡི་ཐེངས་འདིའི་དབུས་ཤར་འགྲུལ་བཞུད་ཀྱི་དམིགས་ཡུལ་ནི་ཡེ་མིན་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་སོ་སོས་སུའེ་ཏེན་ནས་བཀོད་པའི་གྲོས་མཐུན་དངོས་འབེབ་བྱེད་པར་སྐུལ་མ་གཏོང་བའི་ཆེད་རེད། ཚེས་གཅིག་ཉིན་ཧིན་ཐི་ཡིས་ཨ་མན་དུ་འཚམས་འདྲི་བྱས་པ་དང་། ཨ་མན་གྱི་རྒྱལ་ས་མཱ་སི་ཁཱ་ཐི་ནས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པར་ཐུག་འཕྲད་བྱས། ཚེས་གཉིས་ཉིན་ཧིན་ཐི་ཡིས་སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱས་པ་དང་། སོ་ཏི་ཨ་རབ་ཀྱི་དཔོན་རིགས་དང་མཉམ་དུ་གཙོ་བོ་ཡེ་མིན་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།