ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ནས་གཙོ་བོ་བདེ་འཇགས་དང་འཕེལ་རྒྱས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚོགས་ཡུན་ཉིན་གཉིས་ཡིན་པའི་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཟླ་གསུམ་པའི་ཚེས་གཅིག་ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པུས་ནས་ཚོགས་མགོ་བརྩམས། ཁོངས་གཏོགས་རྒྱལ་ཁབ་ནང་ཁུལ་དང་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་མངོན་འགྱུར་བྱེད་པ་དང་། དཔལ་འབྱོར་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་གཞི་གཙོ་བོ་རེད། 

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཀྲང་ཨ་པུའུ་ཏུའུ་ལཱ་ཡིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་སྐབས། དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ཁོངས་གཏོགས་རྒྱལ་ཁབ་དག་གི་ཞི་བདེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་ཟེར། ཁོས་གྲོས་ཚོགས་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་སྤེལ་བའི་ཐད་ནས་མཉམ་ལས་འཆར་གཞི་འགོད་པ་དང་། ཁོངས་གཏོགས་རྒྱལ་ཁབ་བར་གྱི་གཅིག་གྱུར་འགུལ་སྐྱོད་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་ཐལ་སྤྱོད་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་འགོག་རྒོལ་བྱེད་པར་རེ་སྒུག་བྱས་ཡོད་ཟེར། 

དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཝུའུ་སེ་མེན་གྱིས་བཤད་རྒྱུར། དེང་སྐབས་དབྱི་སི་ལན་རྒྱལ་ཁབ་དག་ས་ཁུལ་འཁྲུག་རྩོད་དང་འཇིགས་སྐུལ་རིང་ལུགས། དབུལ་ཕོངས་སོག་འགྲན་རྩོད་མང་བོར་འཕྲད་ཡོད་ལ། ཁོངས་གཏོགས་རྒྱལ་ཁབ་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ། ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་ཟེར། 

ཐེངས་འདིའི་གྲོས་ཚོགས་དེ་དབྱི་སི་ལན་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་སྐབས་སུ་འཁེལ་ཡོད་པ་དང་། གྲོས་ཚོགས་ཀྱི་བརྗོད་སྙིང་ནི་དབྱི་སི་ལན་མཉམ་ལས་ཀྱི་ལོ་ངོ་ལྔ་བཅུ་སྟེ་དར་རྒྱས་དང་འཕེལ་རྒྱས་ཀྱི་ལམ་ཐིག་ཞེས་པ་དེ་རེད། ཁོངས་གཏོགས་རྒྱལ་ཁབ་ཚང་མས་ཕན་ཚུན་བར་གྱི་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་ལ་ཤུགས་སྣོན་བྱས་ཏེ། མཉམ་ལས་ཆུ་ཚད་དེ་སྐས་རིམ་གསར་བ་ཞིག་ཏུ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། 

རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་སི་ཝ་ལཱ་ཅེ་ཉིན་དེར་སྐུ་མགྲོན་གྱི་ཚུལ་དུ་གྲོས་ཚོགས་ལ་ཞུགས། ཕཱ་ཁི་སི་ཐན་ཕྱི་འབྲེལ་བློན་ཆེན་ཁུའུ་ལོས་ཞེ་ཡིས་ཉིན་དེར་བསྟན་དོན། ཁོ་ཐེངས་འདིའི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ལ་མ་ཞུགས་པར་ངོ་རྒོལ་བྱེད་པའི་ཚུལ་སྟོན་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།