ཡོ་རོབ་གླིང་མནའ་འབྲེལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ལ་ཡོ་སྒོར་བྱེ་བ་བརྒྱད་དང་ས་ཡ་གཉིས་ཀྱི་ཞལ་འདེབས་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ལ་ཡོ་སྒོར་བྱེ་བ་བརྒྱད་དང་ས་ཡ་གཉིས་ཀྱི་ཞལ་འདེབས་མ་དངུལ་འདོན་སྤྲོད་བྱས་པ་དང་། དེ་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱི་ཉིས་སྟོང་བཅུ་དགུ་ལོའི་སྔོན་རྩིས་ལས་གཞིར་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་མི་ཐཱ་ལཱ་ཧྥུའུ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ཡི་སྤྱི་ཁྱབ་ལས་འཛིན་པ་ཁི་ལིང་ཨིན་པུའུ་ཨར་གྱིས་ཉིན་དེར་ཡེ་ལུའུ་སཱ་ལེམ་ཤར་མ་ནས་གྲོས་མཐུན་བཀོད་དེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་མྱུར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་རྒུད་སྐྱོབ་བཟོ་སྐྲུན་ཁྲུའུ་ལ་མ་དངུལ་དེ་འདོན་སྤྲོད་བྱེད་པར་འཐད་པ་བྱུང་།

གྲོས་མཐུན་ལྟར་ན། མ་དངུལ་དེ་བྱིས་པ་འབུམ་ལྔ་དང་ཁྲི་གཉིས་སྟོང་གཉིས་ལ་སློབ་གསོའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དང་། ནད་པ་ས་ཡ་གསུམ་དང་འབུམ་ལྔ་ལ་རིམ་པ་ཐོག་མའི་འཕྲོད་བསྟེན་བདེ་སྲུང་ཞབས་ཞུ་འདོན་སྤྲོད་བྱེད་པ། རོགས་སྐྱོར་མཁོ་བའི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བ་འབུམ་གཉིས་དང་ཁྲི་ལྔ་ལ་རོགས་སྐྱོར་འདོན་སྤྲོད་བྱེད་པ་བཅས་ཀྱི་ཐད་བཀོལ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།