ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་སླར་གསོ་བྱེད་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་ལྔ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་འཕྲིའི་གྲོས་མོལ་ཚོགས་འདུའི་སྟེང་ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་སླར་གསོ་བྱེད་དགོས་པའི་སྐུལ་མ་བཏང་། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་སུའེ་ཙེར་ལྷོ་ནུབ་ཕྱོགས་ཀྱི་རི་ནེ་ཝ་གྲོང་ཁྱེར་ནས་བཤད་རྒྱུར། རྒྱལ་སྤྱིའི་དམག་དོན་སྒྲིག་ཆས་ཚོད་འཛིན་བྱེད་པའི་མ་ལག་གི་གནད་འགག་གྲུབ་ཆ་དེ་ཉམས་དམས་སུ་འགྲོ་བཞིན་ཡོད། འདས་པའི་དུས་རབས་ཕྱེད་ཀའི་རིང་གི་ཕྱི་འབྲེལ་གྲུབ་འབྲས་ཀྱི་རྨང་རྡོ་ལྟ་བུ་ཡིན་པའི་ཆ་ནས། འབྲིང་འཕེན་འཕུར་མདའི་ཆིངས་ཡིག་དེ་ཉེན་ཁའི་གནས་སུ་ལྷུང་ཡོད། ཁོའི་བརྗོད་ཚུལ་ལྟར་ན། གལ་ཏེ་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་རྩིས་མེད་དུ་བཏང་ན། འཛམ་གླིང་དང་ཁྱད་པར་དུ་ཡོ་རོབ་གླིང་སྔར་ལས་བདེ་འཇགས་མིན་པ་དང་གཏན་འཇགས་མིན་པར་འགྱུར་སྲིད་ཟེར། 

ཀུའུ་ཐི་ལོས་སི་ཡིས་ད་རུང་ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་པར་གཞི་གསར་བའི་དཔུང་འཇུག་རང་བཞིན་གྱི་འཐབ་ཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བ་དང་ཚོད་འཛིན་བྱེད་པའི་ཆིངས་ཡིག་གི་ལག་བསྟར་ཡུན་ཚད་དེ་ཉིས་སྟོང་ཉེར་གཅིག་ལོའི་བར་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་དེ་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། རྫས་འགྱུར་མཚོན་ཆ་དང་ཁྲིམས་འགལ་གྱི་མཚོན་ཆ་ཆུང་གྲས། གྲོང་ཁྱེར་ཁོར་ཡུག་ནང་ཕྱིའི་འཐབ་ར་ནས་བཀོལ་བའི་མདེལ་དང་འགད་རྫས་བེད་སྤྱོད་བྱེད་པ་སོགས་ལས་རྒྱལ་སྤྱིའི་དམག་དོན་ཚོད་འཛིན་མ་ལག་ལ་འཇིགས་ཉེན་བཟོས་ཡོད་ཟེར། 


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།