ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གནད་དོན་གྱི་ཆེད་ཁམས་པས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ཐོག་མ་དེས་ཕཱ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་འབྱུང་བར་རེ་སྒུག་བྱས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ཐོག་མ་དེ་ཚེས་ཉེར་བཞིའི་ཉིན་ཨེ་ཅིབ་ཀྱི་མཚོ་དམར་འགྲམ་བརྒྱུད་ཀྱི་ཧྲ་མུའུ་ཧྲ་དབྱེ་ཧི་གྲོང་ཁྱེར་ནས་ཚོགས་མགོ་བརྩམས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཡེ་ལུའུ་སཱ་ལེམ་གྱི་མགྲིན་ཚབ་པ་ཨོ་སི་མན་དང་ཕཱ་ལེ་སི་ཐན་གནད་དོན་གྱི་ཆེད་མཁས་པ་རེ་འགས་ཚེས་ཉེར་ལྔ་ཉིན་གསར་འགོད་པར་བསྟན་དོན། ཐེངས་འདིའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ལས་ཕཱ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པར་ཕན་ཐོགས་འབྱུང་བར་རེ་སྒུག་བྱས་ཡོད་པའི་ཚུལ་བསྟན། 

ཨོ་སི་མན་གྱིས་ཚེས་ཉེར་ལྔ་ཉིན་ཁ་པར་བཅར་འདྲི་དང་ལེན་བྱས། ཁོས་བསྟན་དོན། ཕཱ་ལེ་སི་ཐན་གྱི་གནད་དོན་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་གཙོ་གནད་ཡིན་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་གནད་དོན་དེའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་ལ། ཐེངས་འདིའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་བརྒྱུད་དེ་ཨ་རབ་རྒྱལ་ཁབ་བར་གྲོས་མོལ་གཏིང་ཟབ་ཏུ་སྤེལ་རྒྱུའི་རེ་བ་ཡོད་ཟེར། 

ཨོ་སི་མན་གྱིས་བཤད་རྒྱུར། དབུས་ཤར་ས་ཁུལ་གནད་འགག་གི་དུས་སྐབས་སུ་གནས་ཡོད་ཅིང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཕཱ་ལེ་སི་ཐན་གནད་དོན་དེ་དབུས་ཤར་གནད་དོན་གྱི་སྙིང་བོར་བསམ་ཡོད་ལ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་བརྒྱུད་དེ་ཨ་རབ་རྒྱལ་ཁབ་དག་གིས་ནུས་པ་གལ་ཆེན་འདོན་པར་ཡར་སྐུལ་བྱས་ཏེ། མཉམ་དུ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་རྩོད་གླེང་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱས་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེ་ལ་སྐུལ་འདེད་གཏོང་ཐུབ་པའི་རེ་བ་ཡོད་ཟེར། 

ཕཱ་ལེ་སི་ཐན་གྱི་དབྱེ་ཞིབ་མི་སྣ་དང་རྩོམ་པ་པོ་ཧཱ་མུས་ཏི་ཡིས་ཚེས་ཉེར་ལྔ་ཉིན་གསར་འགོད་པར་བཤད་རྒྱུར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་བསྡུས་པ་དེ་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་རྩོད་གླེང་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་གསར་བ་ཞིག་ཡིན་ཡང་སྲིད་ཟེར། 

ཕཱ་ལེ་སི་ཐན་གྱི་པུས་ཨར་ཙེ་ཐི་སློབ་ཆེན་གྱི་ཆེད་མཁས་པས་ཧཱ་ཐིས་པུའུ་ཡིས་བཤད་རྒྱུར། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལ་དམིགས་བསལ་གྱི་དོན་སྙིང་ལྡན་པ་དང་། ཕཱ་ལེ་སི་ཐན་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པར་ཞུགས་པའི་སྟོབས་ཤུགས་གསར་བ་འཚོལ་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།