ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡཱའི་ཡུལ་གྱར་བའི་གནད་དོན་ཐད་ནས་རོགས་སྐྱོར་སྔར་ལས་མང་བོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅོར་ཏན་སྲིད་གཞུང་གིས་ཚེས་ཉི་ཤུའི་ཉིན་སི་རི་ཡཱའི་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་པར་མཁོ་བའི་མ་དངུལ་ཁྱབ་སྒྲོག་བྱས་པ་དང་། ཞོར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་སྔར་ལས་མང་བོ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཅོར་ཏན་སྲིད་གཞུང་གིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྤེལ་ཏེ། སི་རི་ཡཱའི་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་པར་བཀོལ་བའི་ཉིས་སྟོང་བཅུ་དགུའི་ལོར་མཁོ་བའི་མ་དངུལ་ཁྱབ་སྒྲོག་བྱས། ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་ལཱ་ཀྲ་ཙི་དང་འཆར་འགོད་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་བློན་ཆེན་ཁཱ་ཝ་ཨར་གཉིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས། 

ལཱ་ཀྲ་ཙི་ཡིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་སྐྱོར་དེ་ལོ་འགའི་སྔོན་ལས་ཇེ་ཉུང་དུ་སོང་ཡོད་ཀྱང་། ཡུལ་གྱར་བ་དང་ལེན་བྱས་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་གནོན་ཤུགས་ཇེ་ཆུང་དུ་སོང་མེད། ཅོར་ཏན་གྱི་ཐེག་ནུས་ཆེས་མཐོ་བའི་ཚད་དུ་བསླེབ་ཡོད་ཟེར། ཁོས་བཤད་རྒྱུར། ཅོར་ཏན་གྱིས་སི་རི་ཡཱའི་ཡུལ་གྱར་བ་དང་ལེན་དང་བཀོད་སྒྲིག་བྱེད་པར་དཔལ་འབྱོར་གྱི་འགྲོ་སོང་ཆེན་པོ་བཏང་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་སྔར་ལས་མང་བོ་བྱེད་དགོས་ཟེར། 

ཅོར་ཏན་གྱི་འཆར་འགོད་དང་རྒྱལ་སྤྱིའི་མཉམ་ལས་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། ཅོར་ཏན་གྱིས་ད་ལོར་བསྡོམས་པས་མེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བཞི་ཡུལ་གྱར་བའི་གནད་དོན་ཞི་འཇགས་སུ་གཏོང་བའི་ཐད་བཀོལ་དགོས་པ་དང་། དེའི་ནང་མེ་སྒོར་དུང་ཕྱུར་བདུན་ཡུལ་གྱར་བའི་ཟས་གོས་འགྲོ་འདུག་གི་ཕྱོགས་སུ་བཀོལ་དགོས་པ་དང་། མེ་སྒོར་དུང་ཕྱུར་བདུན་རིགས་སྣ་ཚོགས་ཀྱི་ཡུལ་གྱར་བའི་ལས་ཁུངས་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་དགོས། མེ་སྒོར་ཐེར་འབུམ་གཅིག་ཙམ་རྒྱལ་མཛོད་ཀྱི་གྱོང་གུད་ཁ་གསབ་བྱེད་པའི་བཀོལ་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།