ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡོ་རོབ་གླིང་མནའ་འབྲེལ་དུ་སོང་ནས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་ལ་ཞུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་དབུ་བཞུགས་བློན་ཆེན་བཞུགས་ཤག་ནས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ཚེས་ཉི་ཤུའི་ཉིན་པུའུ་ལུའུ་སེར་དུ་སོང་ནས། ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པ་དང་མཉམ་དུ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ལ་བཟོ་བཅོས་བྱེད་པའི་གྲོས་མོལ་སྤེལ་རྒྱུ་རེད་ཟེར། 

དབྱིན་ཇིའི་དབུ་བཞུགས་བློན་ཆེན་བཞུགས་ཤག་གི་མགྲིན་ཚབ་པས་གསར་འགོད་པར་བཤད་རྒྱུར། ཐི་ལོས་ཧྲ་མཱེ་ཡིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་དང་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། དེའི་ནང་དོན་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གྱི་ཨིར་ལན་མཐའ་མཚམས་གནད་དོན་ལ་འབྲེལ་ཡོད་ཟེར། 

ད་ལོའི་ཟླ་དང་པོར། དབྱིན་ཇིའི་གྲོས་ཁང་ཞོལ་མས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གྱི་བཟོ་བཅོས་འཆར་ཟིན་ཞིག་ལ་གྲོས་མཐུན་བཀོད་དེ། དབུ་བཞུགས་བློན་ཆེན་གྱིས་ཡོ་རོབ་གླིང་མནའ་འབྲེལ་བར་མུ་མཐུད་དུ་གྲོས་མོལ་བྱེད་དགོས་པ་དང་། ཇུས་གཞི་གསར་བ་བཀོལ་ནས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ཁྲོད་ཨིར་ལན་གྱི་མཐའ་མཚམས་གནད་དོན་ལ་འབྲེལ་བའི་ནང་དོན་གྱི་ཚབ་བྱེད་དགོས་པའི་རེ་བ་བཏོན། 

ཨིར་ལན་གྱི་མཐའ་མཚམས་གནད་དོན་ནི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ཁྲོད་རྩོད་གཞི་ཆེས་ཆེ་བའི་གནད་དོན་ཡིན། ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ལྟར་ན། གལ་ཏེ་དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་བར་བརྒལ་དུས་རིམ་ནང་ཨིར་ལན་ས་ཁུལ་གྱི་ཉོ་ཚོང་དང་འབྲེལ་བའི་ཇུས་གཞི་སྔར་ལས་བཟང་བོ་ཞིག་རྙེད་མ་ཐུབ་ན། བར་བརྒལ་དུས་རིམ་མཇུག་སྒྲིལ་རྗེས་གྲ་སྒྲིག་བྱས་པའི་བཀོད་སྒྲིག་དེ་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 

ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐེངས་མང་བོར་དབྱིན་ཇི་དང་མཉམ་དུ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ཐད་ནས་གྲོས་མོལ་གསར་དུ་བྱེད་རྒྱུའི་ཚུལ་བསྟན། 

མིག་སྔའི་བཀོད་སྒྲིག་ལྟར་ན། གལ་ཏེ་དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གྱི་གནད་དོན་ཐད་ནས་གྲུབ་འབྲས་མ་ལོན་ན། དབྱིན་ཇིའི་གྲོས་ཁང་གིས་ཟླ་འདིའི་ཟླ་མཇུག་ཏུ་འདེམ་ཤོག་འཕངས་ནས་རྗེས་ཀྱི་བཀོད་སྒྲིག་ཐག་གཅོད་བྱེད་རྒྱུ་རེད། 

དེའི་སྔོན་གྱི་གྲོས་མཐུན་ལྟར་ན། དབྱིན་ཇི་ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན་དངོས་སུ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།