ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གིས་སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ལྐོག་ནས་འཇིགས་སྐུལ་འཇབ་རྒོལ་སློང་མཁན་ལ་རྒྱབ་སྐྱོར་བྱེད་བཞིན་འདུག་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་གི་དབྱི་སི་ལན་གསར་བརྗེ་སྲུང་དམག་རུཁ་ག་གི་དམག་སྤྱི་མུའུ་ཧན་མོ་ཏི་ཅ་ཧྥ་ལེ་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ལྐོག་ནས་དབྱི་ལང་གི་མངའ་ཁོངས་སུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་སློང་མཁན་ལ་རྒྱབ་སྐྱོར་བྱེད་བཞིན་འདུག་ཟེར། ཁོས་ད་དུང་དབྱི་ལང་གིས་དེར་སྐྱིན་པ་ལེན་རྒྱུ་ཡིན་ཞེས་བཤད།

དབྱི་སི་ལན་གསར་བརྗེ་སྲུང་དམག་རུ་ཁག་གི་དྲ་ཚིགས་སྟེང་བསྒྲགས་པའི་གནས་ཚུལ་ལྟར་ན། ཅ་ཧྥ་ལེ་ཡིས་ཉེ་སྔོན་དབྱི་ལང་གི་མངའ་ཁོངས་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐད་ནས་གཏམ་བཤད་སྤེལ་བ་དང་། ཁོས་སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ནི་འཇབ་རྒོལ་དོན་རྐྱེན་གྱི་ལྐོག་ཏུ་ཡིབ་པའི་ལག་དམར་ཡིན་པས། དབྱི་ལང་གིས་ཁོ་ཚོའི་ལྐོག་གཡོ་དེར་བཟོད་སྒོམ་གཏན་ནས་བྱེད་མི་སྲིད་ཅེས་བཤད།

དབྱི་ལང་གི་ཤར་ལྷོའི་ཕྱོགས་ཀྱི་ཞི་སི་ཐན་པེ་ལུའུ་ཀྲི་སི་ཐན་ཞིང་ཆེན་ནས་ཚེས་བཅུ་གསུམ་ཉིན་རང་སྲོག་བཅད་དེ་རླངས་འཁོར་འགས་གཏོར་བཏང་བའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས། ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལ་རྨས་ཕོག མིང་ལ་དྲང་བདེན་དམག་དཔུང་ཞེས་པའི་ཞུང་ཉི་ཕྱོགས་ཁག་གི་དྲག་ཆས་རྩ་འཛུགས་ཤིག་གིས་འཇབ་རྒོལ་དོན་རྐྱེན་དེ་ཁོ་ཚོས་བཟོས་པ་ཁྱབ་བསྒྲགས་བྱས། དོན་རྐྱེན་བྱུང་རྗེས། དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་ཧ་མཱེ་ནེ་དབྱི་ཡིས་ཕྱི་རྒྱལ་གྱི་གསང་འཕྲིན་ལས་ཁུངས་ཀྱིས་འཇིགས་སྐུལ་མི་སྣར་རྒྱབ་སྐྱོར་བྱས་ཡོད་ཅེས་བཤད་མྱོང་།

དབྱི་ལང་གིས་སྔོན་ཆད་རྒྱལ་ནང་དུ་བྱུང་བའི་འཇབ་རྒོལ་དོན་རྐྱེན་མང་པོ་ནི་སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་པའི་ཞུང་ཉི་ཕྱོགས་ཁག་གི་དྲག་ཆས་རྩ་འཛུགས་ཀྱིས་བཟོས་པ་རེད་ཅེས་བཤད་པ་དང་། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱིས་དེ་ཁས་ལེན་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།