ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་དཔོན་རིགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་དག་གིས་འགེབས་སྲུང་ལམ་ལུགས་གྲོས་མཐུན་འགོད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་གནས་སྤོར་སྡོད་དམངས་དང་ནང་ཁུལ་ལས་དོན། སྤྱི་དམངས་ལས་དོན་བཅས་ཀྱི་འགན་གཙོ་བོར་ཁུར་བའི་ཨུ་ཡོན་ཨ་ཧྥུའུ་ལཱ་མའོ་ཕུའུ་ལོ་སི་ཡིས་ཚེས་བདུན་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་མཉམ་དུ་འགེབས་སྲུང་ལམ་ལུགས་ཐད་ནས་གྲོས་མཐུན་བཀོད་དེ། སྔར་ལས་བཟང་བའི་སྒོ་ནས་གནས་སྤོར་སྡོད་དམངས་གནད་དོན་དང་བཅས་པའི་མ་འོངས་པའི་འགྲན་རྩོད་ཐག་གཅོད་བྱེད་པར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་། 

ཨ་ཧྥུའུ་ལཱ་མའོ་ཕུའུ་ལོ་སི་པུའུ་ཅཱ་ལེ་སི་ཐི་རུ་ཡོ་རོབ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་རོ་མཱ་ནི་ཡཱ་ཡིས་སྤེལ་བའི་ཡོ་རོབ་གླིང་མནའ་འབྲེལ་ནང་སྲིད་དང་ཁྲིམས་འཛིན་པུའུ་ཀྲང་གི་དངོས་གཞི་མིན་པའི་གྲོས་ཚོགས་ལ་ཞུགས་བཞིན་ཡོད། ཁོས་བཤད་རྒྱུར། ང་ཚོས་ངེས་པར་དུ་གནས་སྤོར་སྡོད་དམངས་དང་འབྲེལ་བའི་གནས་སྐབས་ཀྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་པ་དང་། ཞོར་དུ་ང་ཚོས་མཉམ་དུ་འགེབས་སྲུང་ལམ་ལུགས་ཐད་ནས་གོ་རིམ་ལྡན་པའི་གྲོས་མཐུན་འཐུས་སྒོ་ཚང་བ་ཞིག་འགོད་དགོས་ཟེར། 

ཨ་ཧྥུའུ་ལཱ་མའོ་ཕུའུ་ལོ་སི་ཡིས་ད་རུང་ཧྲིན་ཀིན་ས་ཁུལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་། ཧྲིན་ཀིན་ས་ཁུལ་ནི་ལོ་རྒྱུས་སྟེང་ཆེས་རླབས་ཆེ་བའི་གྲུབ་འབྲས་ཤིག་ཡིན་པར་འདོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་དམངས་ལ་ངེས་པ་དོན་གྱི་ཕན་ཐོགས་བསྐྲུན་ཡོད་པས། ཁོངས་གཏོགས་རྒྱལ་ཁབ་དག་གིས་རང་དབང་ལྡན་པའི་ས་ཁུལ་དེར་ལེགས་བཅོས་དང་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།