ཀྲུང་གོ་བོད་ཀྱི་དྲ་བ།

ལུའུ་ཧཱ་ནེ་ཡིས་དབྱི་ལིང་གིས་ཆ་རྐྱེན་ཡོད་པའི་སྒོ་ནས་དབྱི་ལིང་དང་ཨ་མེ་རི་ཁའི་འབྲེལ་བ་སླར་གསོ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་དྲུག་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཉིན་དེར་བསྟན་དོན། ཨ་མེ་རི་ཁས་དབྱི་ལིང་ལ་བཟུང་བའི་དགྲར་འཛིན་སྲིད་ཇུས་བསྐྱུར་ན། དབྱི་ལང་གིས་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་སླར་གསོ་བྱེད་འདོད་ཡོད་ཟེར། 

དབྱི་ལིང་དབྱི་སི་ལན་གསར་བརྗེ་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བཞི་བཅུ་འགོར་བར་རྗེས་དྲན་བྱ་ཆེད། ལུའུ་ཧཱ་ནེ་ཡིས་ཉིན་དེར་ཏི་ཧེ་ལན་ནས་དབྱི་ལིང་དུ་སྡོད་པའི་རྒྱལ་ཁབ་སོ་སོའི་གཞུང་ཚབ་པར་ཐུག་འཕྲད་བྱས་པར་མ་ཟད་གཏམ་བཤད་སྤེལ། 

ལུའུ་ཧཱ་ནེ་ཡིས་བཤད་རྒྱུར། འདས་པའི་ལོ་ངོ་བཞི་བཅུའི་ནང་དབྱི་ལིང་གིས་དགྲར་འཛིན་སྟོབས་ཤུགས་དང་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ཁྲོད་དཀའ་སྡུག་མང་བོ་མྱངས། མཇུག་མཐར་རྒྱལ་ཁའི་ངང་དཀའ་ཁག་ལས་རྣམ་པར་རྒྱལ་ཡོད་ཟེར། ཁོས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་འདས་སོང་གི་དབྱི་ལིང་ལ་རྒོལ་བའི་སྲིད་ཇུས་ལ་བློ་འགྱོད་སྐྱེས་ནས་ལེགས་བཅོས་བྱེད་པ་དང་། སྔོན་ཆད་དབྱི་ལིང་གི་ནང་སྲིད་ལ་ཐེ་གཏོགས་བྱས་པར་དགོངས་དག་ཞུས་ཤིང་། དབྱི་ལིང་དང་དབྱི་སི་ལན་གསར་བརྗེའི་གཟི་བརྗིད་དང་ལ་རྒྱར་བརྩི་འཇོག་བྱས་ན། ང་ཚོས་ཨ་མེ་རི་ཁའི་དགོངས་དག་དང་ལེན་བྱེད་འདོད་ཡོད་ཟེར། 
ལུའུ་ཧཱ་ནེ་ཡིས་ད་རུང་བསྟན་དོན། དབུས་ཤར་ས་ཁུལ་གྱིས་ཉིང་རྡུལ་ནུས་པའི་མཚོན་ཆ་དང་བཅས་པའི་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་རྩ་མེད་དུ་གཏོང་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།