ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་དང་དབྱི་རག་གིས་གྲོས་ཆོད་རབ་དང་རིམ་པ་བཀོད་དེ་ཁྱབ་ཁོངས་མང་བོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་དང་དབྱི་ལིང་གིས་ཚེས་གཉིས་ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་ནས་མཉམ་ལས་གྲོས་ཆོད་རབ་དང་རིམ་པ་བཀོད། རྒྱལ་ཁབ་གཉིས་ཀྱིས་ནུས་ཁུངས་དང་ཕྱིར་གཏོང་ནང་འདྲེན་ཉོ་ཚོང་། མཐའ་མཚམས་ཉོ་ཚོང་། འཕྲོད་བསྟེན། ཞིང་ལས་སོགས་ཁྱབ་ཁོངས་སུ་སྔར་ལས་ལྷག་པའི་སྒོ་ནས་རོགས་ལས་དང་གཉིས་ཕན་གཉིས་རྒྱལ་ལ་ཤུགས་སྣོན་བྱེད་རྒྱུ་རེད། ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་ལཱ་ཀྲ་ཙི་དང་འཚམས་འདྲིར་ཡོང་བའི་དབྱི་རག་གི་ཙུང་ལི་མེད་ཧི་ཏིས་གཉིས་གྲོས་ཆོད་འགོད་པའི་མཛད་སྒོར་ཞུགས། 

ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་བ་ལྟར་ན། གྲོས་ཆོད་གཞིར་བཟུང་ན་ཅོར་ཏན་དང་དབྱི་རག་རྒྱལ་ཁབ་གཉིས་ཀྱིས་གློག་དྲའི་འབྲེལ་མཐུད་བཟོ་སྐྲུན་དེ་ཟླ་གསུམ་པའི་ནང་མགོ་རྩོམ་རྒྱུ་ཡིན་པ་དང་། ལོ་གཉིས་ཀྱི་རྗེས་སུ་ཅོར་ཏན་གྱིས་དབྱི་རག་ཏུ་གློག་ཤུགས་བརྒྱུད་གཏོང་བྱེད་རྒྱུ་ཡིན་ལ། འབྲེལ་ཡོད་ཀྱི་སྤྱད་ཆོག་རང་བཞིན་གྱི་ཞིབ་འཇུག་སྤེལ་བཞིན་པའི་སྒང་ཡིན་ཟེར། གཞན་ཡང་དབྱི་རག་གི་པཱ་ཧྲི་ལཱ་དང་ཅོར་ཏན་གྱི་ཡཱ་ཁཱ་པཱའི་བར་གྱི་རྡོ་སྣུམ་འདྲེན་སྦུག་འཛུགས་སྐྲུན་བྱེད་པར་ཡང་དུས་སྐབས་སྔོན་མའི་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། འཛུགས་སྐྲུན་ཡོངས་འགྲུབ་བྱས་རྗེས་དབྱི་རག་གིས་ཉིན་རེར་ཅོར་ཏན་ལ་མ་བཅོས་རྡོ་སྣུམ་ཟོ་ཁྲི་གཅིག་རེ་ཕྱིར་གཏོང་བྱེད་རྒྱུ་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དབྱི་རག་གིས་ཅོར་ཏན་ནས་ནང་འདྲེན་བྱས་པའི་ཚོང་རྫས་སྐོར་ཞིག་གི་སྒོ་ཁྲལ་མེད་པར་གཏོང་རྒྱུ་རེད། དེའི་ལན་དུ་དབྱི་རག་གིས་ཅོར་ཏན་གྱི་གྲུ་ཁའི་གྲོང་ཁྱེར་ཡཱ་ཁཱ་པཱ་ནས་ཚོང་རྫས་ནང་འདྲེན་བྱས་ན། ཅོར་ཏན་གྱིས་བརྒྱ་ཆའི་དོན་ལྔའི་སྒོ་ཁྲལ་མེད་པར་གཏོང་རྒྱུ་རེད། དེ་ལས་གཞན་ཅོར་ཏན་དང་དབྱི་རག་གིས་མཐའ་མཚམས་ཉོ་ཚོང་ལ་ཡར་སྐུལ་གཏོང་རྒྱུ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་མཐའ་མཚམས་གྲུ་ཁ་ནས་མཉམ་འབྲེལ་བཟོ་ལས་ས་ཁུལ་འཛུགས་སྐྲུན་བྱས་ཏེ་ཉོ་ཚོང་དང་ལས་ཞུགས་ལ་ཡར་སྐུལ་གཏོང་བའི་འཆར་གཞི་ཡོད་པ་རེད། 

གྲོས་ཆོད་ལྟར་ན། རྒྱལ་ཁབ་གཉིས་ཀྱིས་ད་རུང་ཞིང་ལས་དང་འཕྲོད་བསྟེན་ཁྱབ་ཁོངས་ནས་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། ཅོར་ཏན་ཞིང་ལས་པུའུ་ཡིས་དབྱི་རག་གི་འབྲེལ་ཡོད་ལས་གཉེར་མི་སྣར་འདེབས་འཛུགས་དང་ཆུ་གཏོང་། གནོད་འབུ་འགོག་བཅོས་བྱེད་པ་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་གསོ་སྦྱོང་བྱེད་རྒྱུ་ཡིན་ལ། དབྱི་རག་གི་སྨན་བཅོས་མི་སྣར་གསོ་སྦྱོང་དང་དངོས་པོའི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།